མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ནམ་ཡང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་ཞིང་གསུམ་བྱ་བའི་སྤྱིའི་བྱེད་ཐབས་སུ་བྱས་པ་དང་། ཐོན་ལས་དར་སྤེལ་གཏོང་བ་དང་འཇོན་མི་གཅིག་བསྡུ་བྱེད་པ། རྩ་འཛུགས་སྟོབས་ལྡན་དུ་བསྒྱུར་བ། སྐྱེ་ཁམས་དམ་འཛིན་བྱེད་པ། རིག་གནས་བཟོ་སྐྲུན་བྱེད་པ་བཅས་ཀྱི་དར་སྤེལ་ཆེན་པོ་ལྔར་དམིགས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་།
ཐོན་ལས་དར་སྤེལ་གཏོང་བ་གཙིགས་སུ་བཟུང་ནས། གྲོང་གསེབ་དར་སྤེལ་ཇེ་མགྱོགས་སུ་གཏོང་བར་རོགས་འདེགས་བྱས། སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་མྱུར་དུ་འཕེལ་རྒྱས་སུ་གཏོང་ཆེད། གཅིག་སྒྲིལ་རྫོང་གིས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་རྨང་རྡོ་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་རྒྱུ་དེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ལ། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། གཙོ་བོར་ནོར་གནག་ཁྲི་དང་བོད་ལུག་ཁྲིའི་གསོ་སྤེལ་དང་འཁྱག་ཕྲེང་དངོས་སྐྱེལ། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད། ནོར་གནག་གི་འོ་བཟོས་ཐོན་རྫས་ལས་སྣོན་སོགས་གཙོ་ཁྲིད་ཐོན་ལས་གསར་སྐྲུན་བྱས། བོད་ལུགས་གསོ་རིགས་བཅོས་སྨན་བཅོས་ཀྱི་དངོས་སྤྱད་གསོ་ཐབས་དང་སྐྱེ་ཁམས་གནས་སྐོར་སོགས་སྣ་མང་ཐོན་ལས་སྔོག་འདོན་ཟབ་མོ་བྱས་པ་དང་། ཕྱུགས་ལས་ཐོན་རྫས་དང་འབྲེལ་བའི་ཆ་སྡེབས་ཐོན་ལས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། མིང་དུ་གྲགས་པའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་དེ་ཀུན་གྱིས་ཁས་ལེན་པའི་ཚོང་རྟགས་མིང་གྲགས་ཅན་དུ་བསྒྱུར། རྫོང་ཁོངས་ཀྱི་ཁྱད་དུ་འཕགས་པའི་ཐོན་ཁུངས་དགེ་མཚན་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཞིབ་ཕྲར་རྒྱབ་རྟེན་ནས། གྲོང་གསེབ་གནས་སྐོར་གྱི་སྣེ་ལེན་བྱེད་ས་གསུམ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་གནས་སྐོར་སྡེ་བ་གཅིག་ཡིག་ཐོག་སྙན་ཞུ་བྱས་ནས། ཁོངས་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་བསྲེས་ངང་འཕེལ་རྒྱས་གཏོང་བའི་ཐད་སྒུལ་ནུས་གསར་བ་བསྣན།
འཇོན་མི་དར་སྤེལ་གཏོང་བ་གཙིགས་སུ་བཟུང་ནས། གྲོང་གསེབ་དར་སྤེལ་གྱི་གཙོ་ཤུགས་དམག་རྡུང་བཟོ་བྱས། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། འཇོན་མི་གྲོང་གསེབ་དར་སྤེལ་བྱེད་པའི་གསང་བའི་ལྡེ་མིག་ཏུ་བརྩིས་ལ། འཇོན་མི་ནི་ཐོན་ཁུངས་དང་པོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། འདྲེན་སྐྱོང་ཉར་གསུམ་གྱི་གནད་འགག་དུས་རིམ་གསུམ་དམ་འཛིན་བྱས་ཤིང་། འཇོན་མིའི་ཞབས་གྲངས་མཐིལ་རྟོགས་བྱས་པ་དང་། འཇོན་མིའི་རྣམ་གྲངས་ཡིག་ཐོག་སྙན་ཞུ་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་གསོན་ཤུགས་བསྣན། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། སློབ་གསོ་གསོ་སྦྱོང་ལ་ཤུགས་བསྣན་ལ། བྱང་ཚད་ནུས་པ་མཐོར་འདེགས་བཏང་བ་དང་། ལས་ཁུངས་ཀྱི་ཏང་དོན་བྱ་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་བཅོ་ལྔ་བསྡུས་ལ། ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་ས་སོགས་ཐོན་ཁུངས་ལ་རྒྱབ་རྟེན་ནས། རོང་འབྲོག་ཏང་ཡོན་གྱི་དགུན་དཔྱིད་དུས་ཀྱི་རེས་སྐོར་གསོ་སྦྱོང་སྤེལ།
སྐྱེ་ཁམས་དར་སྤེལ་གཏོང་བ་གཙིགས་སུ་བཟུང་ནས། གྲོང་གསེབ་དར་སྤེལ་གྱི་སྣང་བརྙན་གསར་བ་གསར་སྐྲུན་བྱས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། རྒྱུན་རྣམ་ཅན་དུ་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་ལ། གཞིས་ཁུལ་བཅོས་སྐྱོང་གི་མ་དཔེ་འཚོལ་ཞིབ་དང་གསར་སྐྲུན་བྱས་པ་དང་། གསལ་སྒྱུར་དང་ལྗང་སྒྱུར། མཛེས་སྒྱུར། གཙང་སྒྱུར་བཅས་བསྒྱུར་བ་བཞི་མཉམ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། མཁྲེགས་ཆས་སྒྲིག་ཆས་བསྒྱུར་བཀོད་མཐོར་འདེགས་བྱས་པ་དང་། མཁར་གྲོང་གིས་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་བྱེད་པའི་གཅིག་འདོམས་མ་ལག་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་པོ་ནས་སྡེ་བའི་ཕྱི་རོལ་ཁོར་ཡུག་ལེགས་བསྒྱུར་བྱས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་སྤེལ་བ་དང་། སྐྱེ་ཁམས་མྱུར་དུ་ཉམས་གསོ་དང་བཅོས་སྐྱོང་བྱས་ལ། ནགས་རྩྭ་དང་བརླན་སའི་ཐོན་ཁུངས་ལྟ་སྐུལ་དོ་དམ་གྱི་ལྟེ་བ་འགོ་ཁུངས་སུ་རྒྱུན་བསྲིང་བ་དང་། གཞི་རིམ་གྱི་དོ་སྲུང་སྟོབས་ཤུགས་ལེགས་བསྡུས་བྱས་ཤིང་། དྲ་མིག་ཅན་གྱི་དོ་དམ་མ་ལག་ལེགས་བསྒྱུར་བྱས་ལ། དྲ་མིག་སྟོང་གཅིག་དང་བཞི་བརྒྱ་གོ་ལྔའི་དོ་སྲུང་ཕྱོགས་ཡོངས་སུ་ཁེབས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་ཚད་ལྡན་ཅན་དང་ལེགས་ཞིབ་ཅན། ཡུན་ཕན་ཅན་དུ་བསྒྱུར་བ་མངོན་འགྱུར་བྱས།
རིག་གནས་དར་སྤེལ་བྱེད་པ་གཙིགས་སུ་བཟུང་ནས། གྲོང་གསེབ་དཔལ་ཡོན་གྱི་རྣམ་པ་གསར་བ་བསྐྲུན། གྲོང་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཁྲིད་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། རིག་གནས་དམངས་ཕན་གྱི་བཟོ་སྐྲུན་ལག་བསྟར་བྱས་ནས། རིགས་མི་འདྲ་བའི་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཐེངས་བརྒྱ་དང་ཉེར་ལྔ་སྤེལ། འཛམ་གླིང་དཔེ་ཀློག་ཉིན་མོར་དཔེ་དེབ་དང་རིག་གནས་སྒྲིག་ཆས་སྟེར་བའི་བྱ་འགུལ་སྤེལ་བ་དང་། སྐོར་བསྐྱོད་དཔེ་ཀློག་ས་ཚིགས་བཙུགས་ཏེ། འབྲོག་པ་མང་ཚོགས་ཀྱིས་ཁྱིམ་སྒོ་ནས་སློབ་སྦྱོང་དང་བརྗེ་རེས་ཀྱི་སྤྲོ་བ་མྱོང་ཐུབ་པར་བྱས། གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་བ་དང་། མི་སྣ་རྩ་འཛུགས་བྱས་ནས་གཉེན་པོ་གཡུ་རྩེའི་དམངས་ཁྲོད་རིག་གནས་ཀྱི་ཞིབ་འཇུག་སོགས་བརྩམས་ཆོས་རྩོམ་སྒྲིག་དང་ལོ་ཙཱ་བྱས་ནས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཞོར་དུ། གྲོང་གསེབ་ཀྱི་རྣམ་པ་ཇེ་བཟང་དུ་བཏང་བ་དང་མང་ཚོགས་ཀྱི་གོང་བུར་སྒྲིལ་ཤུགས་ཇེ་དྲག་ཏུ་བཏང་།
རྩ་འཛུགས་དར་སྤེལ་གཏོང་བ་གཙིགས་སུ་བཟུང་ནས། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ལ། ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་སྲོལ་གྱིས་སྲིད་སྲོལ་ལ་སྣེ་ཁྲིད་དང་དམངས་སྲོལ་ལ་སྐུལ་འདེད་གཏོང་བའི་འཛུགས་སྐྲུན་སྤེལ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་པ་དང་། སློབ་སྦྱོང་གིས་ཁུལ་སྟོབས་ལྡན་དུ་བསྒྱུར་བའི་འགུལ་སྐྱོད་བྱེད་ཐབས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། རྫོང་ཡོངས་ཀྱི་ཏང་ཨུ་དང་ཏང་རྩ་འཛུགས་ཉི་ཤུ་དང་གཞི་རིམ་ཏང་རྩ་འཛུགས་གྱ་དགུ་རྩ་འཛུགས་བྱས་ནས་སློབ་སྦྱོང་ཞིབ་སྡུར་ཐེངས་བདུན་བརྒྱ་ལྷག་སྤེལ་ནས། སློབ་སྦྱོང་སློབ་གསོ་གཞི་རིམ་དུ་རྒྱུན་བསྲིང་བར་སྐུལ་འདེད་བཏང་། སྟོབས་ཤུགས་ཡོད་རྒུས་ཉམས་ཞན་ཉམས་དམས་ཀྱི་ཏང་རྩ་འཛུགས་ལེགས་བཅོས་མཐོར་འདེགས་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་སྟེ། གྲོང་གསེབ་དར་སྤེལ་ཐད་ཤུགས་དང་ལྡན་པའི་རྩ་འཛུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
རིན་ཆེན་མཚོས་བསྒྱུར།