ཀྲང་ལི་ཕིང་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱིན་པ།
ཉེ་ལམ། དཔྱིད་ཀྱི་ཁ་བ་ཟམ་ཟིམ་ཏུ་བབས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་ཁོག་ཡུལ་ཚོ་བདེ་ཆེན་སྡེ་བར་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་བསྐྲུན། སྡེ་བའི་ཨུ་ཡོན་ལྷན་ཁང་དུ་དྲོད་ཀྱིས་གཏམས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་ལི་ཕིང་གིས་སྡེ་མི་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། “སྒྲོག་བཤད་གཅིག་དང་སྐུལ་འདེད་གསུམ”གྱི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་སྤེལ་བཞིན་ཡོད། བྱ་འགུལ་ཁྲོད། མོས་ཏང་གི་སྲིད་ཇུས་བཟང་པོ་སྡེ་མིར་སྒྲོག་བཤད་བྱས་པ་མ་ཟད། གཞན་ད་དུང་སྡེ་མི་ཚོ་དང་ཁ་རུ་ཁ་ཐུག་གིས་བསམ་བློ་བརྗེ་རེས་བྱེད་པའི་ཀྲང་ལི་ཕིང་གིས་སྡེ་སྡོད་བྱ་བའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དོགས་གཞི་བསལ་ཏེ། དངོས་གནས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་བཞིན་ཡོད།
ཀྲང་ལི་ཕིང་གིས་ལག་ཏུ་ཟིན་བྲིས་དང་སྒྲོག་བཤད་དེབ་བཟུང་ནས་མི་ཚོགས་ཀྱི་ཁྲོད་དུ་འགྱུར་ཁུག་ལྡན་ལ་བརྩེ་བ་ཟབ་པའི་ངང་སྡེ་མི་ཚོར་སྲིད་ཇུས་སྒྲོག་འདོན་བྱས། མོས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། དེ་མིན་ཞིང་དར་དང་ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་གཅིག་ཏུ་བཟུང་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲོག་བཤད་བྱས།
2023ལོའི་ཟླ6པར། ཀྲང་ལི་ཕིང་སྡེ་སྡོད་བྱེད་མགོ་བརྩམས། མོ་ནི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བདེ་ཆེན་སྡེ་བར་མངགས་སྡོད་བྱས་པའི་ཧྲུའུ་ཅི་དང་པོ་ཡིན། མོ་སྡེ་བའི་ནང་དུ་སླེབས་པ་ནས་བཟུང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་མི་ཚོར་དངོས་གནས་དྲང་གནས་ཀྱིས་རོགས་སྐྱོར་བྱས།
“ཡུལ་མི་རྣམ་པ། འུ་ཚོའི་དཔྱིད་ཀའི་རྨོ་འདེབས་དངོས་ཟོག་བྱིན་ནས་ཚར་སོང་། དངོས་ཟོག་འདི་དག་འུ་ཚོའི་རེ་བ་རེད། དེའི་གཞུག་ནས་ཚང་མས་ངར་ཤུགས་བསྐྱེད་དེ་ཞིང་འདེབས་དགོས། འུ་ཚོའི་ས་ཞིང་འདི་རྩ་ཆེ་བས་ས་རྒོད་དུ་བསྐྱུར་མི་ཉན་པར་ཚང་མས་ཤུགས་བརྒྱབ་སྟེ། ད་ལོར་ལོ་ལེགས་ཡོང་བར་འབད་དགོས། ”
“ཧྲུའུ་ཅི་ལགས། ང་ཚོས་དངོས་ཟོག་བླངས་རུང་། སོན་སྦྱོར་སྨན་རྫས་བཀོལ་མི་ཤེས་པར་མ་ཟད། བཀོལ་ཚད་ཀྱང་གསལ་པོ་མི་ཤེས་པར་འདུག”ཅེས་སྡེ་མི་ཞིག་གིས་དེ་ལྟར་དྲི་བ་དྲིས་བྱུང་།
ཀྲང་ལི་ཕིང་གིས་དེ་མ་ཐག་ནས་ལན་བཏབ་སྟེ་བཤད་རྒྱུར“ཚང་མའི་སེམས་ཁུར་བྱེད་མི་དགོས། ངས་སྔ་མོ་ནས་ཆེད་ལས་པར་དྲིས་ཡོད། འུ་ཚོའི་གྲོ་དང་ཡང་ན་ནས་ཀྱི་སོན་སྦྱོར་སྨན་རྫས་དེ་ས་མུའུ་གཅིག་གི་ས་བོན་ནང་ཁུག་མ་ཆུང་ཆུང་རེ་བསྲེས་དགོས་པ་དང་། དེའི་རྗེས་སུ་ཆུ་སྤྱི་རྒྱ1བླུགས་ནས་འདྲེས་སུ་བཅུག་ན་ཆོག་པ་རེད། ”
སྡེ་མི་ཚོས་གཟབ་ནན་གྱིས་ཉན་པ་དང་། ཀྲང་ལི་ཕིང་གིས་དེར་མཐུད་ནས་བཤད་རྒྱུར“སོན་སྦྱོར་སྨན་རྫས་འདིར་མཐོང་ཆུང་གཏན་ནས་བྱེད་མི་རུང་། དེའི་ནུས་པ་ཧ་ཅང་ཆེ། སྨན་རྫས་འདིས་རྩྭ་ལྡུམ་དང་གནོད་འབུ་བཀག་སྟེ་མྱུ་གུ་སྲུང་བར་མ་ཟད། མྱུ་གུའི་སྐྱེས་སྟོབས་ལ་འཚོ་བཅུད་སྣོན་ཐུབ་ལ། གཞན་ད་དུང་ཐོན་ཚད་དང་སྤུས་ཀ་ཡང་ཇེ་མཐོར་བཏང་ནས་ཚང་མའི་ཡོང་འབབ་ཇེ་མང་དུ་གཏོང་ཐུབ་པས། ཡང་དག་གི་བྱེད་ཐབས་སྤྱད་ནས་བཀོལ་དགོས།”
སྡེ་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་མགོ་བོ་ནང་དུ་ལྡེམ་ནས་དང་ལེན་བྱས་རྗེས། དེ་མ་ཐག་ཏུ་ཟིན་བྲིས་དེབ་བླངས་ཏེ་བཀོལ་སྤྱོད་བྱེད་ཐབས་དང་ཕན་ནུས་ཟིན་བྲིས་སུ་བཏབ་པ་དང་། ཁ་ནས་ཀྱང་གནད་འགག་གི་གོ་རིམ་རྒྱུན་ཆད་མེད་པར་བསྐྱར་ཟློས་བྱས་ནས་ཆད་སྐྱོན་མི་ཤོར་བར་བྱས།
“སྡེ་སྡོད་བྱ་བའི་ཁྲོད། ངས་སྡེ་བའི་རྨོ་ཞིང་གི་རྒྱ་ཁྱོན་ཆུང་ལ་འབྲུ་རིགས་ཀྱི་ཐོན་འབབ་མི་ལེགས་པ་ཤེས་རྟོགས་བྱུང་ཡོད། དེ་བས་གཟའ་འདིའི་ནང་ངས་ཆེད་དུ་གཅན་ཚ་རྫོང་ཚན་རྩལ་ཆེད་མངགས་ཚོགས་པའི་ལས་བྱེད་པ་གདན་དྲངས་ནས་ཡུལ་དངོས་སུ་མཛུབ་སྟོན་བྱེད་དུ་འཇུག་རྒྱུ། ཁོ་ཚོས་ས་གཤིས་ལ་རྫས་འགྱུར་བརྟག་དཔྱད་བྱེད་པར་རོགས་རམ་དང་། འུ་ཚོའི་ད་ཡོད་ཀྱི་འདེབས་འཛུགས་བྱེད་ཐབས་ལུགས་མཐུན་ཡིན་མིན་དང་ས་ཞིང་སློག་དགོས་མིན་ལ་བལྟ་དགོས། བར་སྐབས་དེར་ཚང་མས་ཆེད་མཁས་པར་དྲི་བ་མང་དུ་དྲིས་ནས། འབྲུ་རིགས་ཀྱི་ཐོན་ཚད་ཇེ་མང་དུ་གཏོང་ཐབས་ལ་འབད་དགོས།”
སྐབས་དེར། སྡེ་མི་རྣམ་རྒྱལ་འཚོ་ཡིས་དྲི་བ་དྲིས་ཏེ་བཤད་རྒྱུར“དུས་རྒྱུན་ཞིང་འདེབས་མཁན་ཉུང་བས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཐོན་འབབ་ཇེ་མང་དུ་གཏོང་མི་ཐུབ། དེར་ཐབས་གཞན་ཡོད་དམ།”
ཀྲང་ལི་ཕིང་གིས་ལན་བཏབ་ནས་བཤད་རྒྱུར“ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནི་སྡེ་བའི་སྣེ་འབྲེལ་རོགས་སྐྱོར་ལས་ཁུངས་ཡིན་པས། སྤུས་བཟང་སོན་འདེབས་འཕྲུལ་ཆས་དང་ཞིང་རྨོ་འཕྲུལ་འཁོར། ཤོག་སྡོམ་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་འགའ་ཉོས་ཡོད། ཞིང་ལས་འཕྲུལ་ཆས་དེ་དག་གིས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པས་འུ་ཚོའི་རྨོ་འདེབས་ལས་ཀ་ཇེ་ཡང་དུ་གཏོང་ངེས། སྔོན་ཆད་མིའི་ལས་དགོས་པའི་ལས་ཀ་དེ་ད་ལྟ་འཕྲུལ་ཆས་ཀྱིས་ལས་ཐུབ།”སྡེ་མི་ཚོས་གཏམ་དེ་ཐོས་རྗེས་གདོང་ལ་འཛུམ་ཀྱིས་ཁེངས་སོང་།
དབོས་རའི་ལུག་དང་མཛོ་དང་ནོར་གནག་བཅས་འཚོ་བ་ནི་བདེ་ཆེན་སྡེ་བའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པ་དང་། སྲོག་ཆགས་རིམས་ནད་སྔོན་འགོག་ནི་སྡེ་མིའི་དཔལ་འབྱོར་ཡོང་སྒོ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་འབྲེལ་ཡོད་པས། ཕྱུགས་ལས་ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གནད་འགག་ཅིག་ཏུ་གྱུར་ཡོད།
དེའི་རྗེས་སུ། ཀྲང་ལི་ཕིང་དང་ལས་བྱེད་རུ་མིས་སྡེ་མི་ཚོར་སྲོག་ཆགས་རིམས་ནད་སྔོན་འགོག་གི་གསོ་སྦྱོང་ཞབས་ཞུ་བྱ་འགུལ་སྤེལ་འགོ་བརྩམས། ཁོ་ཚོས་ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པ་གདན་དྲངས་པ་དང་། ནོར་ལུག་གི་རྒྱུན་ལྡན་འགོས་ནད་དང་ཐུམ་འབུ་ནད། པུ་ལུའུ་སྲིན་ནད་སོགས་མི་ཕྱུགས་གཉིས་ཀར་འབྱུང་བའི་འགོ་ནད་ལ་ཁ་གཏད་དེ། སྡེ་མི་ཚོར་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་བཅོས། མི་སྒེར་སྔོན་འགོག གསོ་ཚགས་དོ་དམ་ཀྱི་ཤེས་བྱ་གསེད་དཀྲོལ་བྱས། གསོ་སྦྱོང་མཇུག་རྫོགས་རྗེས། སྡེ་མི་ཚོར་དུག་སེལ་སྨན་རྫས་དང་འགོག་སྲུང་ཁ་ཐུམ། འགྱིག་གི་ལག་ཤུབས། འགོག་སྨན་རྒྱག་ཆས་སོགས་རིམས་འགོག་དངོས་རྫས་བྱིན།
ཀྲང་ལི་ཕིང་དང་སྡེ་སྡོད་ལས་བྱེད་རུ་མིས་སྡེ་མིའི་དོན་དག་ཆེ་མ་ཆུང་གསུམ་ནམ་ཡང་སེམས་སུ་བཟུང་ནས། དོན་དངོས་བསྒྲུབས་ཏེ་དམངས་ཀྱི་དཀའ་སྡུག་བསལ། ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་ཁྲོད། སྡེ་མི་ཕག་མོ་རྒྱལ་གྱི་ཁང་བར་གནོད་སྐྱོན་ཕོག་པ་དང་། མོ་དང་རུ་མི་ཆིན་ཁྲའོ་གཉིས་ཀྱིས་རང་འགུལ་ངང་ཁང་པའི་ཉེན་སྲུང་སྐྱིན་ཚབ་རེ་ཞུ་བྱེད་རོགས་བྱས་ལ། སྐྱིན་ཚབ་མ་དངུལ་སྒོར་སྟོང་བཞི་དང་བདུན་བརྒྱ་སོ་བདུན་འཕྲལ་མར་འབྱོར་བ་དང་། ཕག་མོ་རྒྱལ་གྱི་ཁང་པར་དུས་ཐོག་ཏུ་ཞིག་གསོ་བྱེད་རོགས་བྱས་ཤིང་། སྡེ་མིའི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས་ཏེ། སྡེ་མི་ཚོར་དངོས་གནས་དྲོད་ཁོལ་དང་བརྩེ་བ་མྱོངས་སུ་བཅུག
སྡེ་བའི་ནང་དུ། ལོ་ལོན་རྒན་པོ་མང་པོ་ཞིག་ལ་ཀླད་སྙིང་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བ་སོགས་རྒྱུན་མཐོང་གི་ནད་རིགས་བྱུང་ཡོད་པས། སྨན་བཅོས་ཀྱི་དགོས་མཁོ་ཤིན་ཏུ་ཆེ།
ཀྲང་ལི་ཕིང་གི་ཁྱོ་ག་ནི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་སྨན་ཁང་དུ་ལས་གཉེར་བྱེད་ཀྱིན་ཡོད་པ་དང་། ཁོང་ཁྱོ་ཤུག་གཉིས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་བ་སྙིང་ལ་བཅངས་ནས་ཡོད། ཀྲང་ལི་ཕིང་གི་ཁྱོ་གས་སྨན་ཁང་གི་ཚན་ཁག་སོ་སོ་དང་ཆེད་མཁས་པའི་གནས་ཚུལ་ལ་གསལ་ཆ་ཡོད་པའི་ལེགས་ཆར་བརྟེན། སྡེ་མི་ཚོར་འོས་འཚམ་གྱི་སྨན་པ་ཁ་ཆད་བྱས། ཁོས་སྡེ་མི་ལ་སྨན་བཅོས་འགྲོ་རིམ་དང་གྲ་སྒྲིག་བྱེད་དགོས་པའི་རྒྱུ་ཆ་གསལ་པོར་བཤད་པ་དང་། སྨན་བཅོས་སྐབས་སུ་འགྲོ་རོགས་བྱས་ཏེ་སྨན་པའི་བར་འབྲེལ་འདྲིས་བྱེད་པར་རོགས་རམ་བྱས། ཀྲང་ལི་ཕིང་གིས་འབྲེལ་བ་བྱས་པར་བརྟེན། སྡེ་མི་ཚོར་བདེ་བླག་གིས་སྨན་བཅོས་བྱས།
ཁ་བ་འབབ་མཚམས་བཞག་རྗེས། ཉི་འོད་སྤྲིན་པའི་གསེབ་ནས་སྡེ་བར་འཕྲོས་ཤིང་སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་མདངས་རྒྱས། ཀྲང་ལི་ཕིང་དང་ལས་བྱེད་རུ་མིས་ཏང་དང་སྲིད་གཞུང་གི་བརྩེ་བ་གནད་འཁེལ་སྒོས་ཁྱིམ་ཚང་རེ་རེར་བསྐྱལ་བ་དང་། བདེ་ཆེན་སྡེ་བའི་མ་འོངས་པར་རེ་བས་ཁེངས་སུ་བཅུག་སྟེ། སྡེ་མི་ཚོས་ལག་རྡང་གཅིག་ཏུ་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པར་སྐུལ་མ་བྱེད་ཀྱིན་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།