བདེ་སྐྱིད་འཚོ་བའི་ལམ་དུ་སྙེག་པར་བརྩོན།
2025.03.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཀུན་ཁྱབ་བཟའ་ཟླ་གཉིས་དང་ལས་བྱེད་མི་སྣ་རྣམས་ཀྱིས་མཉམ་དུ་འཕེལ་རྒྱས་ཀྱི་ཐབས་ལམ་སྐོར་ནས་ཁ་བརྡ་བྱེད་ཀྱིན་པའི་རྣམ་པ།

ཟླ3པའི་ཚེས16ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསྟན་འཛིན་གྲགས་པ་དང་ལས་གྲོགས་ཚོ་ཡང་བསྐྱར་སྡེ་བའི་ནང་དུ་སོང་ནས་འབྲོག་པ་མང་ཚོགས་རྣམས་ལ་ཏང་གི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་པ་སྟེ། ལོ་གཅིག་གི་མགོ་མ་དཔྱིད་ཟེར་བ་ལྟར། ཀྲུང་དབྱང་གི་ཡིག་ཆ་དང་པོ་ནི་དྲོད་འཇམ་གྱི་དཔྱིད་རླུང་ཞིག་དང་འདྲ། དེ་རིང་གཟའ་མཇུག་ཡིན་པས། ང་ཚོ་ཡང་བསྐྱར་དཀར་ཐུར་སྡེ་བར་སོང་ནས་སྡེ་མི་ཚོར་ཡིག་ཆའི་ནང་དོན་སྐོར་སྒྲོག་འགྲེལ་བྱེད་ཟེར། 

བསྟན་འཛིན་གྲགས་པ་དང་དཀར་ཐུར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀུན་མཁྱེན་ལྷུན་གྲུབ་གཉིས་ཀྱི་འདང་རྒྱག་ཕྱོགས་གཅིག་ཡིན་ཏེ། ཧྲུའུ་ཅི་ལྷུན་གྲུབ། ང་ཚོས་ད་ལོ་ཁྱིམ་ཚང་རེ་རེའི་གནས་ཚུལ་མི་འདྲ་བར་དམིགས་ནས་ཁྱིམ་ཚང་རེ་རེར་སོང་ནས་དམིགས་གཏད་རང་བཞིན་གྱིས་སྒྲོག་འགྲེལ་བྱས་ཚེ། ད་གཟོད་ཁྱིམ་ཚང་རེ་རེས་ཐབས་ལམ་ཡང་དག་རྙེད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་ཐུབ་པ་དང་། ཡོང་འབབ་འཕར་སྣོན་འབྱུང་ཐུབ།

 ངོ་མ། ཧྲུའུ་ཅི། ང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཏང་ཡོན་རྒན་པ་དང་ཐོན་ལས་སྟོབས་ལྡན་ཁྱིམ་ཚང་ལ་སྐུལ་སློང་བྱས་ནས། གཅིག་སྡུད་སློབ་སྦྱོང་བརྒྱུད་དེ། སྔོན་ལ་ཏང་གི་སྲིད་ཇུས་བཟང་པོར་གོ་བ་ཟབ་མོ་ལེན་པ་དང་། དེའི་རྗེས་སུ་ཁྱིམ་ཚང་རེ་རེར་སོང་ནས་ཁ་བརྡ་བྱེད་པ་དང་སྲིད་ཇུས་འཆད་ན། སྒྲོག་འགྲེལ་གྱི་ལས་ཆོད་སྔར་ལས་མཐོ་བར་མ་ཟད། སྡེ་མི་རྣམས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྱུར་སྲིད་ཟེར།

སྡེ་དམངས་ཀུན་ཁྱབ་ཀྱི་ཁྱིམ་དུ་སོང་བ་ན། ལྕགས་ཐབ་ནང་གི་མེ་ལྕེ་ལམ་ལམ་དུ་འབར་ནས། འོ་ཇའི་དྲི་ངད་གང་སར་འཐུལ་གྱིན་འདུག བསྟན་འཛིན་གྲགས་པ་དང་ཀུན་ཁྱབ་ཀྱིས་ཁ་བརྡ་བྱས་རྒྱུར། ཁྱིམ་ལ་བལྟས་ན་མི་ཆོག་རྒྱུ་མེད་ཀི གྲ་དག་ཡིན་ལ་དྲོད་འཁོལ་ལྡན་པ་ཞིག་ཡིན་པར་མ་ཟད། མགྲོན་ལྕོག་དང་འབོལ་ཁྲི་ཚང་མ་གསར་བ་རེད་ཟེར།

ཡིན་ཡ། ཧྲུའུ་ཅི། ལོ་འདི་གར་འོད་འགྱེད་ལས་གཞིའི་ཁེ་སྤོགས་ཡོད་པར་མ་ཟད། སྡེ་བའི་ཚོང་ཁང་གི་ཁེ་སྤོགས་ཀྱང་ཡོད་པས། ཡོང་སྒོ་ཅུང་མང་པོ་འདུག དེའི་རྐྱེན་གྱིས་ད་ལོའི་ལོ་གསར་སྐབས་སུ། ངས་སྔོན་ཆད་ཀྱི་ཁྱིམ་ཆས་རྙིང་བ་ཚང་མ་བརྗེས་པ་ཡིན་ཟེར།

ངོ་མ་བཟང་གི ད་ལོ་མུ་མཐུད་དུ་ལེགས་པོར་བསྒྲུབས། སང་ལོའི་ལོ་གསར་སྐབས་སུ་ཅ་ལག་གཞན་པ་ཞིག་བརྗེས་ཐུབ་མིན་ལྟོས་ཟེར།

ཁ་བརྡ་ཐུང་ངུ་བྱས་རྗེས། བསྟན་འཛིན་གྲགས་པ་དང་ལས་གྲོགས་ཚོས་གྲ་སྒྲིག་བྱས་པའི་སྒྲོག་འགྲེལ་རྒྱུ་ཆ་བླངས་ནས་རེ་རེ་བཞིན་དུ་ཀུན་ཁྱབ་བཟའ་ཟླ་གཉིས་ལ་འགྲེལ་བཤད་བྱས་པ་སྟེ།  དཀར་ཐུར་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་རྨོ་ཞིང་དང་རྩྭ་སའི་རྒྱ་ཁྱོན་ཅུང་ཆུང་ལ། ཡོང་འབབ་འཕར་བའི་ཐབས་ལམ་མང་པོ་མེད་པ་དང་། ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཐད་ནས་སྡེ་བ་གཞན་པ་དང་བསྡུར་ན་བར་ཁྱད་ཡོད་པ་ང་ཚོས་ཤེས་ཡོད། དེའི་སྟབས་ཀྱིས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལྟར། སྡེ་བ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས། ང་ཚོས་བསྒྲུབ་ཐུབ་པའི་ཐོན་ལས་ཡག་པོར་བསྒྲུབ་དགོས་ཟེར།

སྐྱོ་བྲག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཁྲོམ་རའི་ཆོས་ཉིད་ལྟར་བྱ་བར་བསྒྲུབ་པ་རྒྱུན་འཁྱོངས་བྱེད་ལ། ལྗང་མདོག་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་གསོ་སྤེལ་ལ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཚུར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་སྤུས་ལེགས་ཚོང་རྟགས་གསོ་སྤེལ་འཆར་གཞི་ལག་བསྟར་བྱེད་པ་དང་། ཁྱད་ལྡན་ཞིང་ལས་ཐོན་ལས་སྡེ་ཚོགས་བསྐྲུན་ནས། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་བཏོན་ཡོད། ཀྲུང་དབྱང་གིས་ཁ་ཕྱོགས་བསྟན་ཡོད་པས། ང་ཚོས་སྡེ་བ་རང་གི་དགེ་མཚན་བེད་སྤྱད་དེ། ནས་འདེབས་འཛུགས་དང་འབྲི་གཡག་གསོ་སྤེལ། གྲོང་གསེབ་ཡུལ་སྐོར་བཅས་ཀྱི་ཕྱོགས་ལ་ཤུགས་རྒྱག་ཐུབ་ཟེར།

ཀུན་མཁྱེན་ལྷུན་གྲུབ་ཀྱིས་མུ་མཐུད་དུ་བཤད་རྒྱུར། ཧྲུའུ་ཅིས་བཤད་པ་བདེན། ཡུལ་ཚོས་ཀྱང་སྡེ་བའི་ཐུན་མོང་དཔལ་འབྱོར་དང་། ཞིང་ཁྱིམ་སྒེར་གྱི་ཚོང་གཉེར་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ནུས་ཤུགས་ཡོད་རྒུས་ནས་ནག་འདེབས་འཛུགས་ཐོན་ལས་ཁྱབ་གདལ་བཏང་སྟེ། ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་སྐྱེད། ངས་བལྟས་ན་ད་སྐབས་སྡེ་བའི་ནས་ནག་འདེབས་འཛུགས་ལ་མདུན་ལྗོངས་ཡག་པོ་ཡོད་པས། ཚང་མས་མཉམ་དུ་འབད་པ་བྱས་ནས་གཞི་ཁྱོན་འདེབས་འཛུགས་ཡག་པོ་བྱས་ན། ལོ་རེར་སྡེ་བའི་མི་རེའི་ཆ་སྙོམས་ཁེ་སྤོགས་མང་པོ་ལེན་ཐུབ་ལ། སོག་མ་ཚང་མ་སྡེ་མི་ཚོར་བགོས་ནས་འབྲི་གཡག་ལ་གཟན་རྩྭར་སྟེར་ཐུབ་པས། ངོ་མ་གཅིག་གོ་གཉིས་ཆོད་རེད་ཟེར།

ཀུན་ཁྱབ་ཀྱིས་བཤད་རྒྱུར། ད་སྐབས་བྱིས་པ་རྣམས་སློབ་གྲྭར་འགྲོ་བཞིན་ཡོད་ལ། ངའི་བཟའ་ཟླ་གཉིས་ལ་ལག་རྩལ་ཅང་མེད་པས། ཕྱུགས་ཟོག་ལ་བདག་གཉེར་བྱེད་པ་ལས་བྱ་བ་གཞན་བསྒྲུབ་རྒྱུ་མེད། འདི་ལྟར་བལྟས་ན། ངེད་གཉིས་ཀྱང་སྡེ་བའི་ནས་ནག་འདེབས་འཛུགས་ཐོན་ལས་ཀྱི་ལས་ཀར་ཞུགས་ཆོག སྤྱིར་ཞིང་བ་ཡིན་པའི་སྟབས་ཀྱིས་ཞིང་ནང་གི་ལས་ཀ་ཙག་ཙིག་ལས་ན་གནད་དོན་ཅང་མེད་ཟེར།  ཀུན་ཁྱབ་ཀྱིས་ཁོ་བཟའ་ཟླ་གཉིས་ལས་མི་ཚད། ད་རུང་རྩིས་གཉེར་ཆེད་ལས་སྦྱངས་ཀྱིན་པའི་བུ་ཆུང་མཐར་ཕྱིན་ནས་ཕྱིར་ལོག་རྗེས་མཉམ་ལས་ཁང་དང་ཡང་ན་སྡེ་བའི་ཐུན་མོང་ཚོང་ཁང་དུ་རང་གིས་སྦྱངས་པའི་ཆེད་ལས་ཤེས་བྱ་སྤྱད་ནས་བྱ་བ་བསྒྲུབ་ཐུབ་ཟེར། ཀུན་མཁྱེན་ལྷུན་གྲུབ་ཀྱིས་བཤད་རྒྱུར། འདི་དོན་དག་དཀའ་མོ་ཞིག་མ་རེད།  སློབ་མཐར་ཕྱིན་ནས་ཕྱིར་ལོག་རྗེས། སྡེ་བས་ང་ཚོའི་ན་གཞོན་མི་སྣ་བསྡུ་ལེན་བྱེད་ཁོ་ཐག་ཡིན། གཙོ་བོ་སྡེ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་ཐུབ་ཚེ། ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ཟེར།

བསྟན་འཛིན་གྲགས་པས་བཤད་རྒྱུར། འདི་གནད་དོན་གཅིག་ཀྱང་མེད།  སྡེ་བ་འཕེལ་རྒྱས་ཕྱིན་དགོས་ན། ཕྱིར་ཕ་ཡུལ་ལ་ལོག་པའི་སློབ་ཆེན་སློབ་མ་དག་གི་རྒྱབ་སྐྱོར་མཁོ། ད་སྐབས་སྡེ་བའི་མཉམ་ལས་ཁང་འཁོར་རྒྱུག་བྱེད་ཀྱིན་ཡོད་པས། སྡེ་བའི་དངོས་ཡོད་གནས་ཚུལ་ལྟར། ང་ཚོས་ཁྱིམ་ཚང་གི་ཕྱུགས་ཟོག་མཉམ་ལས་ཁང་དུ་འཇུག་ཐུབ་ལ། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ན། ཁྱེད་ཚོས་རང་རང་གི་ཕྱུགས་ཟོག་ལ་སེམས་ཁུར་བྱེད་མི་དགོས་པར་མ་ཟད། ཁོམ་ལོང་དུས་ཚོད་སྤྱད་དེ་ནས་ནག་འདེབས་འཛུགས་བྱ་བར་ཞུགས་ཐུབ་ལ། སྡེ་བའི་བསིལ་སྐམ་བཟོ་གྲྭར་ལས་ཀ་ལས་ནས་ཡོང་འབབ་ལེན་ཐུབ་ཟེར།

ཀུན་ཁྱབ་ཚང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཡུལ་ཚོ་དང་སྡེ་བའི་ལས་བྱེད་མི་སྣ་ཚོས་དཔེར་འཇོག་དང་བསྡུར་བའི་ཐབས་བརྒྱུད་དེ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་འབྲེལ་ཡོད་སྲིད་ཇུས་དེ་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་འགྲེལ་བཤད་ཟབ་མོ་བྱས། ཀུན་ཁྱབ་བཟའ་ཟླ་གཉིས་ཀྱིས་ནན་ཏན་སྒོས་ཉན་པར་མ་ཟད། སྐབས་རེར་མགོ་བོ་ལྡེམ་བཞིན་འཐད་པ་ཡིན་པའི་ཚུལ་བསྟན། ཀུན་ཁྱབ་ཀྱིས་བཤད་རྒྱུར། ཡུལ་ཚོས་སྡེ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། སྡེ་བའི་ལས་བྱེད་མི་སྣ་དང་མཉམ་དུ་ང་ཚོར་སྲིད་ཇུས་འཆད་པ་དང་ཐབས་ལམ་བཙལ་བས། ང་ལ་ཤེས་རྒྱུ་མང་པོ་ཡོད་པར་མ་ཟད་སྔར་ལས་ཡིད་ཆེས་ལྡན་པར་གྱུར། ན་ནིང་ངེད་ཚང་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་སྟོང་གཉིས་ལྷག་བགོས་བྱུང་བས། སྡེ་བ་སྔར་ལས་འཕེལ་རྒྱས་འགྲོ་བ་དང་རང་གི་ཡོང་འབབ་འཕར་བའི་ཆེད་དུ། ད་ལོར་ངེད་བཟའ་ཟླ་གཉིས་ཀ་ཡང་ནས་ནག་འདེབས་འཛུགས་ལས་རིགས་ཀྱི་ལས་ཀར་ཞུགས་ནས། ཚང་མ་དང་མཉམ་དུ་བྱ་བ་བསྒྲུབ་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།