ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཉིན་ཞ་སྡེ་བའི་སྡེ་མི་ཕག་མོ་དོན་འགྲུབ་ཀྱིས་སྔ་མོ་ནས་རང་གི་ལུག་ཁྱུ་དེ་མཉམ་ལས་ཁང་གི་ཚད་གཞི་ཅན་གྱི་དྲོད་ཁང་དུ་བཅུག་རྗེས། ཁ་ཕྱིར་འཁོར་ནས་ལག་ཁྱེར་ཁ་པར་ནང་གི་ཚན་རིག་དང་མཐུན་པའི་གསོ་སྤེལ་ཆ་འཕྲིན་ལ་བལྟས།
ཕག་མོ་དོན་འགྲུབ་གྱི་གདོང་ལ་འཛུམ་ཞིག་ལངས་ནས་རྩྭ་ལོ་འབྱར་བའི་གོས་སྣེ་སྤྲུག་ཙམ་བྱས་རྗེས། “ ན་ནིང་ངེད་ཚང་གིས་ལུ་གུ་ལྔ་བརྒྱ་ལྷག་བཙོང་རྗེས་ད་ལོ་ཡང་སྡེ་བའི་ནང་དུ་ལུ་གུ་དགུ་བརྒྱ་ཉོས་ཏེ་གསོ་སྤེལ་བྱས་པ་ཡིན། ལུག་འཚོ་སྐྱོང་བྱེད་པའི་དུས་ཚོད་ཐུང་ན་ཡང་བསགས་པའི་སྒོར་མོ་མང་བས་འཚོ་བ་འདི་ལ་སྐྱིད་ཅིག་འདུག”ཅེས་བཤད།
ཉིན་ཞ་སྡེ་བའི་འགྱུར་ལྡོག་དེ་ལོ་ལྔའི་སྔོན་གྱི“རྩྭ་རའི་ཉམས་ཞན”དེ་ལས་བྱུང་བ་ཞིག་ཡིན། སྔོན་ཆད་སྡེ་བའི་ནང་དུ་ནོར་ལུག་ཇི་ལྟར་མང་ན་དེ་ལྟར་ཕྱུག་པོར་འགྱུར་བའི་འདུ་ཤེས་རྙིང་པ་རྒྱུན་སྲིང་བྱས་ཡོད་པས་ཚད་ལས་བརྒལ་བས་ཕྱུགས་འཚོ་སྐྱོང་བྱས་པར་བརྟེན་རྩ་ས་ཉམས་ཞན་དུ་གྱུར་ཅིང་ལུག་གི་རྒྱུ་སྤུས་ཇེ་ཞན་དུ་སོང་བ་དང་། དེ་བཞིན་དུ་ཡོང་སྒོའི་འཕར་ཚད་ཀྱང་རིམ་བཞིན་མར་ཆག་པ་རེད།
ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཚེ་བྷོ་ཡིས་ཕྱིར་དྲན་བྱས་ནས། 2021 ལོར་སྡེ་བའི་ནང་དུ་ཚོགས་འདུ་བསྡུ་སྐབས། སྡེ་མི་རྣམས་ཀྱིས་སྐྱ་ཐེར་ཐེར་གྱི་རྩྭ་རར་ལྟ་བཞིན་རྩོད་གླེང་ཆེན་པོ་བསྟུད་མར་བྱུང་བ་སྟེ། “མུ་མཐུད་དུ་འདི་ལྟར་སོང་ན་ལུག་ལ་རྩྭ་ཟ་རྒྱུ་མེད་ལ། མི་དམངས་ཀྱི་འཚོ་བར་ཡང་འཕེལ་རྒྱས་ཅི་ཡང་མེད”ཚུལ་སོགས་མང་པོ་གླེང་བཞིན་འདུག འགྱུར་ལྡོག་དེ་ནི2022 ལོར་བྱུང་བ་ཞིག་སྟེ། ལྗང་མདོག་སྐྱེ་ལྡན་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་བྱེད་པའི་འཛུགས་སྐྲུན་ལ་དམིགས་ནས། ཉིན་ཞ་སྡེ་བས
“ཏང་ཀྲི་པུའུ་ཡི་སྣེ་ཁྲིད་དང་མཉམ་ལས་ཁང་གི་དཔེ་སྟོན། སྐྱེ་ཁམས་ཁྱིམ་ཚང་གི་ཕྱུགས་ར། འབྲོག་ཁྱིམ”བཅས་ཀྱི་འཕེལ་རྒྱས་གཏོང་ཐབས་ལ་བརྟེན་ནས། ཉིན་ཞ་སྡེ་བས་ལྗང་མདོག་ཚན་རིག་དང་མཐུན་པའི་གསོ་སྤེལ་གྱི་ལམ་བུ་ཞིག་བཏོད།
རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས“ལྔ་འགྱུར་ཅན”གྱི་བཅོས་བསྒྱུར་ཁྱབ་སྤེལ་གཏིང་ཟབ་ཏུ་བཏང་སྟེ། ཁྱིམ་ཚང་ཆེན་པོས་སྣེ་ཁྲིད་པ་དང་ཁྱིམ་ཚང་མཉམ་འབྲེལ་གྱིས་བདག་གཉེར་བྱེད་པ། ཞབས་ཞུ་གཞན་བཅོལ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་བཅས་ཀྱི་སྣེ་ཁྲིད་རྣམ་པ་རིགས་ལྔ་གཞིར་བཟུང་ནས་འཕེལ་རྒྱས་སུ་བཏང་སྟེ། རྩྭ་ས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོར་འདེགས་བཏང་། ཚེ་བྷོས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་བའི་ཏང་ཡོན་ལ་སྣེ་ཁྲིད་བྱས་ནས། སྤྱིལ་ཁང་ཉེར་བརྒྱད་ལས་ཏེ་གཅིག་བསྡུས་སྒོས་རྩེབ་རན་པའི་ལུག་དང་གསོ་ཁ་ན་ཡོད་པའི་ལུག་གསོ་སྐྱོང་བྱེད་པའི་རྣམ་པ་གསར་བར་སྐུལ་འདེད་བཏང་།
རྩྭ་ཕྱུགས་དོ་མཉམ་ཡོང་བར་བརྟེན་ནས་རྒྱུད་བཟང་གསོ་སྤེལ་དང་གཟན་ཆས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། མ་མོ་འཚོ་བའི་དུས་ཚོད་ཇེ་ཐུང་དུ་བཏང་ནས་ཆུ་ཚོད་བཞི་ལ་གཏན་ཁེལ་བྱས་ཏེ་ལུ་གུའི་གསོན་ཚད་བརྒྱ་ཆའི་གོ་ལྔ་ལ་སླེབས་པ་དང་། ཏང་ཡོན་དཔེ་སྟོན་ཁྱིམ་ཚང་གིས་འབྲོག་པའི“སྐྱེ་ཁམས་རྩིས་ཐོ”ལ་རྩིས་རྒྱག་སློབ་ཁྲིད་བྱས།
རྩྭ་རའི་ནང་ལ་སོས་འབུད་སྔ་ཞིང་། ལུ་གུ་སྔོན་ལ་གསོ་ཁ་ནས་ཕྱིར་བུད་པས་ངལ་རྩོལ་ནུས་ཤུགས་གྲོན་ཆུང་བྱས་པ་དང་མ་དངུལ་གཏོང་ཚད་ཇེ་ཉུང་དུ་སོང་སྟེ། “ལུག་ཁྱུ་དེད་ནས་ཕན་འབྲས་སྙེག་པའི”འཕོ་འགྱུར་ཞིག་གིས་ལྗང་མདོག་གསོ་སྤེལ་དང་འབྲོག་པའི་དངུལ་ཁུག་དུས་མཉམ་དུ་འཕར་སྣོན་ཡོང་བར་བྱས།
རྩྭ་ཕྱུགས་དོ་མཉམ་དེ་སྔ་མོ་ནས་མཐོ་སྒང་འབྲོག་ཁུལ་དུ་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་སྐོར་ལ་ཇི་ལྟར་བསམ་བློ་གཏོང་དགོས་སམ། 2024 ལོའི་ཟླ6པ་ནས་བཟུང་། ཉིན་ཞ་སྡེ་བའི་འབྲོག་ཁྱིམ་དུ་བཀལ་ཡོད་པའི་རྩྭ་ཕྱུགས་དོ་མཉམ་གྱི་གསལ་རྟོགས་བྱང་བུས་དྲིས་ལན་བཏབ།
ཚེ་བྷོས་བཤད་རྒྱུར། འདི་ནི་ཉིན་ཞ་སྡེ་བའི་བཅོས་བསྒྱུར་གྱི་གོམས་པ་དང་པོ་ཡིན་ལ། ང་ཚོས་འབྲོག་ཁྱིམ་གྱི་རྩྭ་རའི་རྒྱ་ཁྱོན་དང་། ཕྱུགས་རའི་འཁོར་སྐྱོད། གཟན་རྩྭ་གསོག་ཉར། ཕྱུགས་ཟོག་གི་གྲངས་འབོར་བཅས་ཚང་མ་སྐྱེ་ཁམས་རྩིས་གཞོང་དུ་བསྡུས་ཤིང། འདི་ནི་གནད་ཕིགས་ཞིབ་རྩིས་བརྒྱབ་པའི་རྩྭ་ཕྱུགས་དོ་མཉམ་གྱི་གསལ་རྟོགས་བྱང་བུ་ཞིག་ཡིན་ལ། རྩྭ་རར་བརྟག་དཔྱད་བྱས་པའི་སྙན་ཞུ་དང་། འབྲོག་ཁྱིམ་གྱི་རྣམ་པ་བསྒྱུར་བའི་ཕྱོགས་སྟོན་ཡང་ཡིན་ཟེར།
དེ་དང་ལྷན་དུ་སྡེ་བའི་ནང་དུ“མདོག་གསུམ”གྱི་ཉེན་བརྡ་གཏོང་བའི་ལམ་སྲོལ་དུས་གཅིག་ཏུ་བཏོན་ནས། ལྗང་མདོག་དང་ལི་མདོག དམར་པོ་བཅས་ཀྱི་རྟགས་བྱང་བཟོས་ལ། ཚད་ལོན་ལ་ལྗང་མདོག་གི་རྟགས་བྱང་སྤྲོད་པ་དང་། ཕྲན་བརྒལ་ཡང་ན་སྔོན་བརྡའི་ཤོང་ཚད་ལས་བརྒྱ་ཆའི་སུམ་ཅུ་ལས་ཆུང་བ་ལ་ལི་མདོག་གི་རྟགས་བྱང་སྤྲོད་པ་པ་དང་། ཤོང་ཚད་ལས་བརྒལ་བའམ་ཡང་ན་སྔོན་བརྡ་གང་མང་བཏང་ཡང་དག་ཐེར་མི་བྱེད་པ་ལ་རྟགས་བྱང་དམར་པོ་བཅས་སྤྲད།
དམར་བྱང་དང་སེར་བྱང་ཐོབ་པའི་ཁྱིམ་ཚང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དུས་ཐོག་ཏུ་ཁྱིམ་བདག་ལ་བརྡ་རྒྱག་དགོས་པ་མ་ཟད། བླང་བྱ་ལྟར་ཉིན་བཅོ་ལྔའི་ནང་ལ་དག་ཐེར་བྱ་དགོས་ལ། དག་ཐེར་ཡོ་བསྲང་བྱེད་པའི་དུས་བཀག་ནང་དག་ཐེར་ལེགས་བཅོས་སམ་ཡང་ན་དག་ཐེར་ཡོ་བསྲང་དོན་ཐོག་ཏུ་འཁྱོལ་མེད་ན། སྡེ་བའི་སྒྲིག་ལམ་དང་མི་དམངས་ཀྱི་གཏན་འབེབས་ལྟར་ཁྱབ་བསྒྲགས་བྱ་དགོས་པ་མ་ཟད། བྱང་བུ་གཅིག་གིས་གྲོང་ཚོ་བཅོས་སྐྱོང་བྱེད་པའི་བྱ་བའི་ལམ་སྲོལ་ལྟར་བབ་མཚུངས་ཀྱི་ཆ་བསགས་སྐར་མ་འཕྲི་འཐེན་བྱ་དགོས།
རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་རྒྱུ་དང་། འབྲོག་ལུག་ཇི་ལྟར་གསོ་རྒྱུ་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཞིག་ཡིན་ལ། ཕྱུགས་འཚོ་བའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་། འབྲོག་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ། ལུ་གུ་གསོ་ཁ་ནས་སྔ་མོར་འབུད་རྒྱུ་སོགས་ཚང་མར་གཟན་ཆས་མཁོ། ཉིན་ཞ་སྡེ་བས་མཉམ་ལས་ཁང་བརྒྱུད་ནས་ཁག་ཐེག་བྱས་པ་དང་། རིན་གོང་དམའ་བ་དང་རྩྭ་རིགས་བཟོ་གྲྭར་དངོས་ཟོག་འདོན་སྤྲོད་བྱེད་པའི་གན་རྒྱ་བཞག 2024 ལོའི་ཟླ 11 པ་ནས 2025 ལོའི་ལོ་མཇུག་ཏུ་སྡེ་མིས་གཟན་རྩྭ་ཏུན་དྲུག་མཁོ་འདོན་བྱས་ཡོད།
ཐོག་མར་གཟན་རྩྭ་བླངས་རྗེས་རྩིས་བརྒྱབ་ཆོག་པའི་འཁོར་རྒྱུག་མ་དངུལ་ནི་ང་ཚོའི་མཉམ་ལས་ཁང་གིས་འབྲོག་པར་བྱིན་པའི་སེམས་བདེ་རིལ་བུ་ཡིན་ལ། ཉིན་ཞ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་པས་ནུས་ཤུགས་ཡོད་རྒུས་རྩིས་ཐོའི་འགྲེལ་བཤད་བྱས། སྡེ་མིས་དགུན་ཁ་དང་དཔྱིད་ཀ དབྱར་ཁ་བཅས་ཀྱི་དུས་སུ་གཟན་ཆས་བཟོ་གྲྭ་ནས་དོམ་ཉོ་བྱས་པའི་གཟན་ཆས་སོགས་ཀྱི་རིན་དེ་སྟོན་དུས་སུ་གསོ་ཁ་ནས་བུད་པའི་ལུག་བཙོང་རྗེས་བྱིན་ན་ཆོག་པས་གཟན་ཆས་ལ་ཁག་ཐག་ཡོད་ལ་འབྲོག་པ་མང་ཚོགས་ཀྱི་བློ་སེམས་བདེ་བར་གྱུར།
སྔོན་ཆད་གཟན་ཆས་ཀྱི་རིན་གོང་མཐོ་བས་ལུག་མང་གསོ་བྱེད་མི་ཕོད་ལ། ད་ལྟ་རྩིས་དེབ་དེ་ལུག་ཁྱུ་དང་བསྟུན་ནས་འགྱུར་ལྡོག་བྱུང་ཞིང་། ཕྱུགས་འཚོ་སྐྱོང་བྱེད་པའི་དུས་ཚོད་ཀྱང་ཇེ་ཐུང་དུ་སོང་བ་དེ་ཡང་དབུགས་ལེན་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད། ལོ་ཞེ་ལྔར་སོན་པའི་རིན་ཆེན་འབུམ་གྱིས་རྒྱུན་དུ་སྡེ་མི་དང་ཡུལ་ཚོའི་ཕྱུགས་ཟོག་སྨན་པའི་སར་ཚན་རིག་གི་གསོ་སྤེལ་ལག་རྩལ་སྦྱངས་པ་དང་། སྔོན་ཆད་ཉོས་པའི་གཟན་ཆས་ཀྱི་གཞི་ཁྱོན་ཆུང་བས་རིན་གོང་ཅུང་མཐོ་བ་དང་། ད་ལྟ་མཉམ་ལས་ཁང་གི་ཁག་ཐེག་ཡོད་པས་གཟན་ཆས་ཉོ་བའི་སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ།
གཟན་ཆས་རིགས་གང་ཞིག་ད་གཟོད་རྐང་ཚའི་འབྲོག་ལུག་ལ་འཚམ། ཉིན་ཞ་སྡེ་བ་དང་མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཚན་རྩལ་སློབ་གླིང་གཉིས་མཉམ་འབྲེལ་བྱས་ནས། སྡེ་བའི་འབྲོག་ལུག་དཀར་པོར་ཆེད་དུ་གཟན་ཆས“གཏན་འཁེལ”བྱས། “སྔོན་ཆད་ལུག་རྣམས་བལ་ཟ་རྒྱུར་དགའ་བ་མ་ཟད་ད་དུང་གཅིན་སྡེའུ་སྐྲན་ནད་ཀྱང་ཕོག་སླ་བས་ང་ཚོས་ཆེད་དུ་ཕྱུགས་ལས་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོར་བཀའ་སློབ་ཞུས་ཏེ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས། ཚེ་བྷོས་བཤད་རྒྱུར། གཟན་ཆས་ནང་གི་སྤྲི་དཀར་རྫས་ལེགས་སྒྲིག་བྱས་པ་བརྒྱུད་ནས་ལུག་གི་ནད་རྟགས་འདི་དག་ད་གཟོད་མེད་པར་གྱུར་ཟེར།
རྩྭ་སའི་ལྗང་མདོག་སྲུང་སྐྱོབ་བྱེད་ཐུབ་ན་ད་གཟོད་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་ཐུབ། “ང་ཚོས་ད་དུང་སྡེ་མི་རྣམས་ལ་རང་འགུལ་གྱིས་ཨ་པྲ་གསོད་པར་སྐུལ་འདེད་བཏང་ནས། དབྱར་ཁའི་ཨ་པྲ་གསོད་པར་ཞུགས་པའི་སྡེ་མིར་ང་ཚོས་བསགས་སྐར་གྱི་བྱ་དགའ་སྟེར་བ་དང་། ལོ་མཇུག་གི་བསགས་སྐར་ཆེས་མཐོ་བའི་མིས་ད་དུང་སྒོར་ལྔ་བརྒྱའི་བྱ་དགའ་བླངས་ཆོག” ཚེ་བྷོ་ད་ལྟ་སྡེ་བའི་རྩྭ་རའི་ནང་དུ་སྐོར་བ་རྒྱག་རྒྱུར་ཤིན་ཏུ་དགའ་ལ་རྩྭ་ཐང་དུ་ཕལ་ཆེར་ཨ་པྲའི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མེད། ཁོས་བལྟས་ཚེ་རྩྭ་ཐང་ཇེ་ལེགས་སུ་སོང་ན་ནོར་ལུག་གི་གཟུགས་གཞི་ཇེ་ལེགས་འགྲོ་བ་དང་། ནོར་ལུག་གི་གཟུགས་གཞི་ཇེ་ལེགས་སུ་སོང་ན་འབྲོག་པ་མང་ཚོགས་ལ་ད་གཟོད་ཡོང་སྒོ་ལེགས་པོ་ཞིག་ཡོད་ཐུབ།
ད་ལོ། སྡེ་བའི་ནང་དུ་ལུ་གུ་སྟོང་བཞི་ལྷག་གསོ་ཁ་ནས་བུད་པ་དང་། ན་ནིང་དུས་སྐབས་འདིར་ལུ་གུ་ལྔ་བརྒྱ་མ་གཏོགས་གསོ་ཁ་ནས་འབུད་ཐུབ་མེད། གཞི་གྲངས་འདིའི་རྒྱབ་རོལ་ཏུ་ཉིན་ཞ་སྡེ་བས་སྲོལ་རྒྱུན་ཕྱུགས་ལས་སྦྲེལ་ཐག་གསར་སྒྲིག་བྱས་ཡོད། མཉམ་ལས་ཁང་གིས་གཅིག་གྱུར་སྒོས་དྲོད་ཁང་ཉེར་བརྒྱད་སྒྲིག་བཀོད་བྱས་ནས། གཅིག་བསྡུས་ཀྱིས་ལུ་གུ་རྩེབ་པ་ལག་བསྟར་བྱས་པ་དང་ལུ་གུ་རྩེབ་པའི་དུས་ཡུན་ཉིན་ཞེ་ལྔའི་ནང་ལ་བསྡུས། ཟླ་དྲུག་ལ་གསོ་ཁ་ནས་འབུད་ཐུབ་པའི་ལག་རྩལ་ཁྱབ་སྤེལ་བཏང་སྟེ། ལུ་གུ་གསོ་བའི་དུས་ཚོད་སུམ་ཆའི་གཉིས་ཇེ་ཐུང་དུ་བཏང་། རྩྭ་ཕྱུགས་དོ་མཉམ་གྱི་ཤེས་གསལ་བྱང་བུས་ཁྱིམ་ཚང་རེར་གསོ་འབུད་ཉར་ཚགས་ཀྱི་ཚད་རིམ་བཀོད་ནས། ཚད་རིམ་ལས་བརྒལ་བའི་ཁྱིམ་ཚང་ལ་བཙན་གྱིས་གསོ་ཁ་ནས་འབུད་ཚད་སྔ་སྣུར་བྱེད་དུ་བཅུག
ཕག་མོ་དོན་འགྲུབ་ཀྱིས་རྩིས་ཤིག་བརྒྱབ་པ་ལྟར་ན། སྔོན་ཆད་ལོ་གཉིས་ཀྱི་རིང་ལ་ད་གཟོད་མ་རྩ་ཕྱིར་ལེན་ཐུབ་པའི་ལུ་གུ་ད་ལྟ་ལོ་ཕྱེད་ཀྱི་རིང་ལ་འཁོར་རྒྱུག་ཐེངས་གཅིག་བྱེད་ཐུབ།སྟོང་བར་གྱུར་བའི་རྩ་སའི་བསྐོར་འཚོའི་དུས་ཚོད་ཉིན་བརྒྱ་དང་ཉི་ཤུ་ཕྱིར་བསྣུར་བྱས།ཕྱིར་སྔོན་པོར་གྱུར་བའི་ཕྱུགས་རྩྭས་ཀྱང་མ་མོ30%གསོ་ཐུབ།ད་ལོ་སྡེ་བས་རྫོང་གི་བཤས་ར་དང་མཉམ་འབྲེལ་བྱས་ནས་རིམ་བཞིན་དུས་ཚིགས་བཞི་བོར་གསོ་ཁ་ནས་འབུད་པར་འཆར་གཞི་འགོད་བཞིན་འདུག
དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཉིས་ཀྱིས་བསྒྱུར།