ཁ་བརྡ་བྱེད་ཞོར་སྲིད་ཇུས་བཤད་ཀྱིན་པའི་རྣམ་པ།
སྲིད་ཇུས་བཟང་པོ་གཞི་རིམ་དུ་སྐྱེལ་བའི་རྣམ་པ།
ཟླ3པའི་ཚེས15ཉིན་གྱི་ཞོགས་པར། ཁ་བའི་འདབ་མ་ལྷབ་ལྷུབ་བསྐྱོད་ཀྱིན་འདུག དམག་ལྭ་གྱོན་ཞིང་གྲལ་སྒྲིག་པ། སྦྱོང་བརྡར་ལ་བྱང་བའི་བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་གེ་གྲོང་རྡལ་ནས་ལམ་ལ་ཆས་ཏེ། ཁོ་ཚོ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོའི་སྦུར་ཕུ་སྡེ་བར་སྒྲོག་འགྲེལ་བྱེད་དུ་སོང་། གྲང་ལྷགས་གདོང་གིས་བསུས་ཤིང་། ཆེས་སྔོན་ལ་འགྲོ་བཞིན་པའི་ཏང་ཡོན་བསོད་ནམས་དཔལ་མོས་ཏང་གི་དར་ཆ་དམར་པོ་མཐོ་རུ་བསྒྲེངས་ཤིང་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ཀྱིན་མཆིས།
ཆུ་དམར་ལེབ་རྫོང་གི་མི་དམངས་དྲག་ཆས་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཞིན་ཧའེ་ཡིས་ངོ་སྤྲོད་བྱས་རྒྱུར། ཆུ་དམར་ལེབ་རྫོང་གི་མི་འབོར་ཁྲི་གསུམ་དང་སྟོང་གསུམ་དེ་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་དང་སྟོང་གཉིས་ཉིས་བརྒྱའི་འབྲོག་ཁུལ་དུ་ཁྱབ་ཡོད་ལ། རྫོང་དང་ཡུལ་ཚོའི་བར་ཐག་རིང་བར་མ་ཟད། འབྲོག་ཁྱིམ་ཐ་ཐོར་དུ་གནས་ཡོད། 2017ལོར། ཆུ་དམར་ལེབ་རྫོང་གི་མི་དམངས་དྲག་ཆས་རུ་ཁག་གིས་མི་རིགས་སྐད་ཡིག་ལ་བྱང་བར་མ་ཟད་མི་རིགས་རིག་གནས་ལ་རྒྱུས་མངའ་ཡོད་པའི་མི་དམངས་དམག་མི་ཉེར་གཅིག་འདེམས་ནས་རྒྱ་བོད་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བ་རྩ་འཛུགས་བྱས་པ་དང་། ཏང་གི་སྲིད་ཇུས་དུས་ཐོག་ཏུ་རྒྱང་ཐག་རིང་སའི་འབྲོག་ཁུལ་དུ་དྲིལ་སྒྲོག་བྱས།
སྒྲོག་འགྲེལ་ལེགས་པོ་བྱེད་པའི་ཆེད་དུ། མི་དམངས་དམག་མིའི་བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རུ་ཁག་ཆུང་བས་ཁྲིད་ཚན་སྒྲིག་གཞི་རྩོམ་སྒྲིག་བྱས་པ་དང་། ཚང་མས་ལྟ་འདོད་པའི་དྲིལ་སྒྲོག་བྱང་བུ་དང་དྲིལ་སྒྲོག་ལག་དེབ་བཟོས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ་ལེ་ཚན་གཙོ་སྒྲིག་དང་འཁྲབ་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། གནས་ལུགས་ཆེན་པོ་དེ་གོ་བདེ་ཞིང་ཤེས་སླ་བའི་ཡུལ་སྐད་དུ་བསྒྱུར་བ་དང་། སྲིད་ཇུས་བཟང་པོ་དང་སེམས་སྒྲ་སྙན་མོ་རྨ་ཆུའི་མགོ་ཁུངས་སུ་སྐྱེལ།
བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བ་མགྱོགས་པོར་སྦུར་ཕུ་སྡེ་བར་ཐོན་པ་དང་། སྔ་ས་ནས་ཁོ་ཚོར་སྒུག་ཡོད་པའི་འབྲོག་པ་རྣམས་སྐོར་བ་བྱས་ནས་བཙོག་འདུག
སྦུར་ཕུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་ཚང་མར་ངོ་སྤྲོད་བྱེད་རྒྱུར། མི་དམངས་དམག་མིའི་བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བ་སླེབས་པར་ཚང་མས་དགའ་བསུ་བྱོས། ཁོ་ཚོ་དེ་རིང་ང་ཚོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་དང་དམག་བསྡུའི་སྲིད་ཇུས་འགྲེལ་བཤད་བྱེད་དུ་ཡོང་བ་ཡིན་ལ། དེར་དམངས་ཕན་གྱི་སྲིད་ཇུས་མང་པོ་འདུས་ཡོད་པས། ཚང་མས་ནན་ཏན་གྱིས་ཉན་དགོས་ཟེར།
དགའ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་དངོས་སུ་སྒྲོག་འགྲེལ་བྱེད་མགོ་བརྩམས་པ་དང་། ཡུལ་དངོས་གནས་ཚུལ་ཡག་པོ་ཡོང་ཆེད། བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བས་གླུ་གར་གྱི་འཁྲབ་སྟོན་ཡག་པོ་ཞིག་བྱས།
འཁྲབ་སྟོན་མཇུག་སྒྲིལ་རྗེས། སྒྲོག་འགྲེལ་མཁན་བསོད་ནམས་དཔལ་མོས་ཚང་མར་ཁ་བརྡ་བྱེད་མགོ་བརྩམས།
“ཨ་ཅེ། ང་ན་ནིང་སྒྲོག་འགྲེལ་བྱེད་དུ་ཡོང་དུས། ཁྱེད་ཚང་གི་བྱིས་པ་སློབ་ཆེན་མཐར་ཕྱིན་ལ་ཡོད་པ་འདྲ། ”
“རེད་ཡ། ད་ལོའི་ཟླ7པར་སློབ་མཐར་ཕྱིན་རྒྱུ་རེད། ད་སྐབས་ངེད་ཁྱིམ་མི་གང་བོས་ཁོ་ཕ་ཡུལ་དང་ཡང་ན་ཟི་ལིང་གང་ནས་འདུག་ཏུ་འཇུག་རྒྱུར་སེམས་ཁུར་བྱེད་ཀྱིན་ཡོད་ཟེར། ”
“ཁོ་ཕྱིར་ཡོང་དུ་བཅུག་དང་། ཕ་ཡུལ་གྱི་འཛུགས་སྐྲུན་ལ་ཁོ་ཚོ་ལྟ་བུའི་སློབ་ཆེན་སློབ་མ་མང་པོ་མཁོ། ད་རུང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་ལས་གནས་གཏན་འཇགས་དང་ལས་ཞུགས་སྲིད་ཇུས་ལ་རྒྱབ་སྐྱོབ་བྱེད་ཚད་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཞབས་ཞུ་དང་ངལ་ལས་མཉམ་ལས་ལ་ཤུགས་སྣོན་པ། ཁྱད་ལྡན་ངལ་ལས་ཚོང་རྟགས་འོས་སྦྱོར་དང་གསར་སྤེལ་བྱེད་པ་བཅས་བཀོད་ཡོད། ”
“ངོ་མ་ཡིན་ན། དེས་ན་ཧ་ཅང་ཡག་པོ་རེད། ཕྱིར་ཕ་ཡུལ་ལ་ཡོང་ནའང་འཕེལ་རྒྱས་ཡག་པོ་ཡོང་ཐུབ། ”
“རེད་ཡ། ད་སྐབས་རྒྱལ་ཁབ་ཀྱིས་ཞིང་སྡེ་དང་འབྲོག་ཁུལ་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཁྱེད་ཀྱིས་ལྟོས་དང་། ལོ་ངོ་འདི་དག་ལ་ང་ཚོས་ཚོར་ཐུབ་པ་ནི། རྐང་ལམ་དང་ས་ལམ་མེད་པར་གྱུར་ནས། གཞུང་ལམ་དང་ཨར་འདམ་གྱི་ལམ་ཆེན་སྒོ་ཁར་འཐེན་པ་དང་། ཆུ་དང་གློག་ཡོད་པར་མ་ཟད། ལོ་མཇུག་ཏུ་ད་རུང་མཉམ་ལས་ཁང་གི་ཁེ་སྤོགས་བགོ་རྒྱུ་ཡོད་པས། ཏང་གི་མགོ་ཁྲིད་འོག་ཏུ། འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པ་དང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ”
བསོད་ནམས་དཔལ་མོས་བཤད་ཚར་མ་ཐག་ཏུ་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། སྦུར་ཕུ་སྡེ་བའི་འབྲོག་མོ་འཆི་མེད་ཀྱིས་མགོ་བོ་ལྡེམ་ཞོར་དུ་བཤད་རྒྱུར། སྔོན་ཆད་སྲིད་ཇུས་ཟེར་བ་འདི་མག་མོག་ཧ་གོ་རྒྱུ་མེད་པ་ཞིག་ཏུ་འདོད་མོད། ད་སྐབས་སྲིད་ཇུས་ཀྱི་སྐོར་ལ་གོ་བ་གསལ་བོ་ལེན་ཐུབ་ཟེར།
སྒྲོག་འགྲེལ་བྱས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྐོར་བཤད་སྐབས། ཚང་མར་ལྷག་ཏུ་ཉན་འདོད་སྐྱེས་ཏེ་རང་གིས་སེམས་ཁུར་བྱེད་པའི་གནད་དོན་སྐོར་ནས་དྲི་བ་དྲིས། སྡེ་མི་བསོད་ནམས་དཔལ་ལྡན་གྱིས་འདྲི་རྒྱུར། ཡིག་ཆའི་ནང་དུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སྐོར་བཤད་ཡོད་ལ། ང་ཚོའི་རྫོང་ལ་དེའི་སྐོར་ནས་བྱེ་བྲག་གི་འཆར་གཞི་ཡོད་དམ་ཟེར།
བསོད་ནམས་དཔལ་མོས་ངང་རྒྱུད་རིང་མོས་ང་ཚོའི་རྫོང་ལ་རང་བྱུང་ཐོན་ཁུངས་འཛོམས་པོ་དང་དམིགས་བསལ་གྱི་རིག་གནས་རྨང་གཞི་ལྡན་པས། སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་བཏང་ཆོག མིག་སྔར། འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་བྱས་ཏེ་འཆར་འགོད་བྱེད་ཀྱིན་ཡོད་ལ། དེའི་རྗེས་སུ་བྱེ་བྲག་གི་ལས་གཞི་ལག་ལེན་དུ་བསྟར་ནས། ཚང་མའི་ཡོང་འབབ་འཕར་བ་དང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་རྒྱུ་རེད་ཅེས་ལན་བཏབ།
དྲིས་ལན་འདི་དག་གོ་རྗེས། ཚང་མའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཤིང་། མ་འོངས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་བརྟས་ཡོད།
འདི་འདྲའི་ལྷོད་གཡེང་གི་ཁོར་ཡུག་ཁྲོད། ཚང་མས་ཡུན་གྱིས་ཁ་བརྡ་བྱས་པ་དང་། སྒྲོག་འགྲེལ་མཁན་གྱིས་ཀྱང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་དུ་ཚང་མས་སེམས་ཁུར་བྱེད་ཀྱིན་པའི་སྲིད་ཇུས་དག་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆས་འབྲོག་པ་མང་ཚོགས་རྣམས་ལ་ཁ་གསལ་ཞིང་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་བྱས།
ཉིན་གཅིག་གི་སྒྲོག་འགྲེལ་མཇུག་སྒྲིལ་རྗེས། ཚང་མ་མྱུར་མོར་ཁ་མ་བྲལ་བར་རང་ས་ནས་སྔར་བཞིན་བགྲོ་གླེང་བྱེད་ཀྱིན་ཡོད་ལ། མ་འོངས་པར་རེ་ལྟོས་ཀྱིས་ཁེངས་འདུག
ཕྱིར་ལོག་པའི་ལམ་བར་དུ། ཞིན་ཧའེ་ཡིས་ཚང་མར་བཤད་རྒྱུར། དེ་རིང་གི་སྒྲོག་འགྲེལ་ཧ་ཅང་ལེགས་འགྲུབ་བྱུང་སོང་། ང་ཚོས་འབྲོག་ཁུལ་དུ་སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས་དངོས་ཡོད་གནས་ཚུལ་ལ་བསྟུན་པ་ལས་བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན། ང་ཚོས་སྐད་གཉིས་ལ་བརྟེན་པ་དང་ཕྱུགས་ལས་ཀྱི་དཔེ་གཞིར་བརྟེན་ནས་མང་ཚོགས་རྣམས་ཀྱིས་གོ་བ་ལེན་ཐུབ་པར་བྱེད་དགོས། ཡངས་ཤིང་རྒྱ་ཆེ་བའི་ཆུ་དམར་ལེབ་ཀྱི་ས་གཞིའི་སྟེང་། བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་རུ་ཁག་ཆུང་བ་ནི་མཐོ་སྒང་གི་སྒྲོན་ལྕོག་བཞིན་གྲོང་གསེབ་དར་སྤེལ་གྱི་མདུན་ལམ་གསལ་བར་བྱས་པར་མ་ཟད། འབྲོག་པ་ཚོས་ཕ་ཡུལ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།
ལྷ་མོ་འཚོས་བསྒྱུར།