འབྲི་ཆུའི་མགོ་ཁུངས་སྡེ་བའི་སྣ་མང་གི་འཚོ་བ་གསར་བ།
2025.03.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

བསམ་སྐྱིད(གཡོན་གྱི་གཉིས་པ)དང་མཉམ་ལས་ཁང་གི་ལས་མིས་མཉམ་དུ་ལག་ཤེས་ཐོན་རྫས་བཟོ་བཞིན་པའི་རྣམ་པ།

བྱིས་པ་རྣམས་ཀྱིས་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཐང་ཆེན་དུ་རྩེད་དགོད་ལ་རོལ་བཞིན་པའི་རྣམ་པ།

ནམ་མཁའ་གཡའ་དག་པའི་དཔྱིད་དུས་ཀྱི་ཉིན་གུང་ཞིག་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་བརྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཐང་ཆེན་དུ་བྱིས་པ་རྣམས་ཀྱི་དགོད་སྒྲས་ཁྱབ་འདུག

ད་ལོ་ལོ53ལ་བུད་པའི་སྡེ་མི་ཚེ་རིང་དགྲ་འདུལ་རང་ཁྱིམ་གྱི་སྒོ་རའི་མདུན་དུ་ཡར་ལངས་ཏེ།  གཅིག་གྱུར་འཆར་འགོད་བྱས་ཤིང་ཁྱད་ཆོས་ལྡན་པའི་བོད་ལུགས་གཞིས་ཁང་དག་ལ་ཅེར་འདུག འོད་ལམ་ལམ་གྱི་སྒྲོལ་མ་ཚང་གི་ཁང་ཀླད་ཀྱི་ཉི་འོད་ནུས་པའི་ཤེལ་ལེབ་དང་། གསལ་ལྷང་ལྷང་གི་བཀྲ་ཤིས་ཚང་གི་སྒོ་ཁའི་རླངས་འཁོར་གྱི་དུང་སྒྲ།  སྡེ་ལམ་གཞོགས་གཉིས་ཀྱི་ཉི་འོད་ནུས་པའི་ལམ་སྒྲོན་དང་བོད་ལུགས་བརྐོས་རིས་གཉིས་འགྲིག་ཆ་དོད་པོའི་ངང་འདུག་ལ།   མི་ལོ་ངོ་ཉི་ཤུའི་ལོ་ཟླའི་བྱུང་བ་དག་འདི་འདྲའི་ཞིབ་ཆའི་ནང་དུ་འཁྱིལ་ཡོད་པ་དང་། ཐང་ཀ་འབྲི་མཁན་གྱི་པུར་རྩེའི་གསེར་རྡུལ་མར་བབས་པ་དང་ཀུན་ནས་མཚུངས།

ཚེ་རིང་དགྲ་འདུལ་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་བྱ་བ་སྒྲུབ་ནས་ལོ་ངོ་བཅུ་ལྷག་འགོར་ཡོད་ལ། 2004ལོར་རྒྱལ་ཁབ་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དང་དུ་བླངས་ནས་འབྲི་ཆུའི་མགོ་ཁུངས་སྡེ་བར་སྤར་རྗེས་ཀྱི་ཡུལ་མི་ཚོའི་འཚོ་བའི་འགྱུར་ལྡོག་དངོས་སུ་མཐོང་ཡོད། འབྲོག་པའི་སྦྲ་གུར་ནས་དེང་རབས་སྡེ་གསར་དུ་སླེབས་པ་དང་། གནས་སྤོ་བྱས་རྗེས་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། མི་རིགས་སློབ་གྲྭ་དང་།འཕྲོད་བསྟེན་ཁང་། རྒན་གསོ་ཁང་སོགས་དམངས་འཚོའི་སྒྲིག་ཆས་རིམ་བཞིན་དོན་འཁྱོལ་བྱས་པ་མ་ཟད། སྐྱེ་ཁམས་རྩྭ་ཐང་གི་སྲུང་སྐྱོབ་རོགས་དངུལ་དང་། སྐྱེ་ཁམས་སྲུང་སྐྱོང་པའི་ལས་གནས་སོགས་ཀྱི་སྲིད་ཇུས་ཀྱང་རིམ་བཞིན་དོན་འཁྱོལ་བྱས། ད་ལྟ་སྡེ་མི་རྣམས་སྲོལ་རྒྱུན་གྱི་འཚོ་སྟངས་གཅིག་པར་བརྟེན་མི་དགོས་པར། ཁོ་ཚོས་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ཁང་དང་། མི་རིགས་གྱོན་ཆས་ཚོང་ཁང་། བཟའ་བཏུང་ཟས་རིགས་སོགས་ཀྱི་ཚོང་ལས་གཉེར་ཏེ། སྣ་མང་ཡོང་འབབ་ཡོད་པས་ཡུལ་མི་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད།

ཚེ་རིང་དགྲ་འདུལ་ལ་སེམས་འགྱུ་སྣ་ཚོགས་འདུག ཁོས་སྤྲོ་སྣང་ལྡན་པའི་ངང་བཤད་རྒྱུར། “སྔོན་ཆད། འཚོ་བའི་རྟེན་གཞི་ནོར་ལུག་འཚོ་སྐྱོང་གཅིག་པུ་ཡིན་ལ། ཟས་ཀྱི་གཡོ་སྐོལ་ཡང་ཨོང་བར་བརྟེན་ཡོད་པ་དང་།  བཏུང་ཆུ་ལེན་ས་ཐག་རིང་བ། བྱིས་པའི་སློབ་ཞུགས་དང་རྒན་པའི་སྨན་བཅོས་སོགས་ཕྱོགས་གང་ཐད་ལ་དཀའ་ཁག་ཆེན་པོ་ཡོད། ད་ལྟ།  ཁྱིམ་དུ་དྲོད་རླངས་དང་། རང་བྱུང་སོལ་རླངས། རང་འབབ་ཆུ་སོགས་ཆ་ཚང་བར་ཡོད་ལ། སྒོར་བུད་མ་ཐག་ཚོང་ཁང་དང་། སློབ་གྲྭ།  འཕྲོད་བསྟེན་ཁང་སོགས་ཡོད་པས་གནས་འདིའི་མི་དམངས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད། ལོ་འདི་དག་གི་འཚོ་བའི་འགྱུར་ལྡོག་གླེང་ཚེ།  ངེད་ཚང་གི་ཚ་མོ་ཚེ་དབྱངས་ལྷ་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྡེ་འདིའི་མི་རབས་གསར་བ་ཡིན་ལ། འབྲི་ཆུའི་མགོ་ཁུངས་སྡེ་བའི་སྣ་མང་གི་འཚོ་བ་གསར་བར་ཟབ་ཞུགས་བྱས་ཡོད”   ཟེར།

འཚོ་བའི་འགྱུར་ལྡོག་ནི་འབྲི་ཆུའི་མགོ་ཁུངས་སྡེ་བར་མཚོན་ན།  སྡེ་མི་རྣམས་ཕྱུག་པོར་གྱུར་བར་མ་ཟད། སྡེ་བའི་ཁོར་ཡུག་མཛེས་སྡུག་ལྡན་པ་དང་།  ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ཚེ་རིང་དགྲ་འདུལ་གྱིས་གསར་འགོད་པར་བཤད་རྒྱུར། རི་འདབས་སུ་སྤོས་པའི་ལོ་འདི་དག་གི་རིང་ལ། སྡེ་བའི་མི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་དང་། གསར་གཏོད་འདུ་ཤེས། ཐུན་མོང་གི་འགན་འཁྲི་བཅས་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། སྡེ་བའི་མང་ཚོགས་ཀྱི་ཚོགས་འདུའི་སྟེང་། འབྲོག་པ་མང་ཚོགས་ཀྱི་འཐུས་ཚབ་པ་རྣམས་སྔོན་ཆད་ཀྱི་ངོ་ཚ་ནས་འཛེམ་དོགས་བྱེད་ཀྱང་ད་ལྟ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། གྲོང་ཚོའི་ལས་དོན་གྲོས་མོལ་བྱེད་སྐབས་ཀྱི་ཐབས་འདོན་ཇུས་འབུལ་ཁ་གསལ་ཞིང་དོན་དངོས་ཡིན། དྭངས་གཙང་གི་རི་ཆུའི་ཁྲོད། སྐྱེ་ཁམས་རིག་གནས་ཀྱི་གསང་གྲངས་གཞོན་རབས་རྣམས་ཀྱི་རུས་རྐང་དུ་སིམ་པར་བྱས་ཡོད།

འབྲི་ཆུའི་མགོ་ཁུངས་སྡེ་བའི་སྒང་བ་བོད་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ། བོད་མིའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཁེངས་ཡོད་ལ། མཛེས་རིས་ཕུན་སུམ་ཚོགས་པའི་ས་གདན་དང་། ཚོན་མདོག་རྣམ་པར་བཀྲ་བའི་དར་སྐུད་ཀྱི་ཐང་ཁ་སོགས་གྲལ་ལྟར་སྒྲིག་པའི་བོད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་འཁལ་འཐག་དངོས་རྫས་དང་བཟོ་རྩལ་ཐོན་རྫས་ཀྱིས་གཏིང་ཟབ་པའི་བོད་མི་རིགས་ཀྱི་རིག་གནས་མངོན་ཡོད།

མཉམ་ལས་ཁང་གི་ཁོངས་མི་བསམ་སྐྱིད་ཀྱིས་བྱང་ཆ་ལྡན་པའི་རྒྱ་སྐད་ཀྱི་ལམ་ནས་ངོ་སྤྲོད་བྱེད་རྒྱུར། བརྩམས་ཆོས་འདི་དག་ནི་ང་ཚོ་མཉམ་ལས་ཁང་གི་ཁོངས་མི་དང་སློབ་མ་དག་གི་ལག་ཤེས་ལས་བྱུང་བ་ཡིན་ཟེར།   མཉམ་ལས་ཁང་ནི2015ལོར་བཙུགས་པ་དང་ད་ལྟའི་བར་དུ་འབྲི་ཆུའི་འབྱུང་ཁུངས་སྡེ་བ་དང་ཉེ་འཁོར་གྲོང་རྡལ་གྱི་རོང་འབྲོག་སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་བྱས་ཡོད་ལ།  བུད་མེད་རྣམས་ཀྱི་སྟབས་བསྟུན་ལས་ཞུགས་ལ་གོ་སྐབས་མཁོ་སྤྲོད་བྱས་ཡོད་པ་མ་ཟད། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་ཡོད།

བསམ་སྐྱིད་སོགས་མགོ་ཁྲིད་རྣམས་ཀྱི་སྣེ་ཁྲིད་འོག   མཉམ་ལས་ཁང་གི་ཁོངས་མི་དང་སློང་མ་རྣམས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་མི་རིགས་ཀྱི་ལག་ཤེས་ཐོན་རྫས་སྐོར་ཞིག་བཟོས་ཡོད་ལ།   ཕྲུག་དང་གསེར་སྐུད་ཐང་ག་སོགས་ཀྱི་བརྩམས་ཆོས་དག་ལ་གདོན་མའི་སྐྱེ་ཁམས་ཀྱི་བྲོ་བ་ཟབ་མོ་ཡོད་པ་མ་ཟད།  མཐོ་སྒང་གི་ཁྱད་འཕགས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་འགྲེམ་སྟོན་ཁང་སྣ་ཚོགས་ནས་ལྟད་མོ་བ་མང་པོའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་སྟེ།  ཚད་མཐོའི་གདེངས་འཇོག་ཀྱང་མང་བོ་ཐོབ་ཡོད།  དུས་དེ་རིང་།  ཐོན་རྫས་འདི་དག་བོད་ལྗོངས་དང་ཁྲིན་ཏུའུ་སོགས་ཀྱི་ས་ཆར་ཁྱབ་བརྡལ་བྱས་ཡོད་ལ།  ས་གནས་དེ་གའི་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ།

བསམ་སྐྱིད་ཀྱིས་བཤད་རྒྱུར། མངགས་ཐོ་མང་པོ་ཡོད་དུས།  ཚོགས་མི་དང་སློབ་མ་ཚོར་བགོས་པ་ཡིན།  ང་ཚོའི་སློབ་མ་གངས་དཀར་ལྷ་མོ་འདྲ་ན།  རྨང་གཞི་ཅི་ཡང་མེད་ནའང་མཉམ་ལས་ཁང་གི་གསོ་སྦྱོང་བརྒྱུད་དེ་ལག་རྩལ་སྣ་མང་བོ་ཁོང་དུ་ཆུད་ཡོད་ལ།  ད་ལྟ་འཁལ་འཐག་ཐོན་རྫས་ལ་བརྟེན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་ཡོད་ཟེར།

འབྲི་ཆུའི་མགོ་ཁུངས་སྡེ་བའི་ཉེ་འདབས་ཀྱི་ལིའུ་ཙི་མཚེའུ་སྐྱེ་ཁམས་སློབ་གསོའི་རྟེན་གཞི་རུ་ཡོད་པའི“འབྲི་ཆུའི་འབྲོག་གླུ”ཞེས་པའི་སྦྲ་གུར་སྤྲོ་གསེང་གླིང་ག་རུ།  ལོ26ཡིན་པའི་སྡེ་མི་རི་གུ་ཁྲོའུ་ཡིས་སྦྲ་གུར་བརྟན་པོ་ཕུབ་པ་དང་། གློག་སྒྲོན་གསར་བར་བརྗེ་བ། དངོས་ཟོག་ཚང་རྩིས་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཚོང་གཉེར་དུས་ཚིགས་ལ་ཐོན་ལ་ཉེ་བས་དེར་གྲ་སྒྲིག་གང་ལེགས་བྱེད་བཞིན་འདུག

“ཟླ3པའི་མཇུག་ཙམ་ལ་སྦྲ་གུར་སྤྲོ་གསེང་ཁང་གི་སྒོ་ཕྱེས་ནས་ཚོང་གཉེར་བྱེད་རྩིས་ཡོད་པས།  ངས་སྔོན་ལ་ལས་ཀ་ཐམས་ཅད་ཡག་པོར་སྒྲུབ་དགོས”ཞེས་རི་གུ་ཁྲོའུ་ཡིས་སྦྲའི་ཆོན་ཐག་འགྲམ་ཀྱི་རླུང་འགོག་ཐག་པ་དམ་པོར་སྡོམ་བཞིན་དེ་ལྟར་བཤད། ཁོས་ད་དུང་གསར་འགོད་པར་བཤད་རྒྱུར། ལས་ཀ་འདིས་ཁོ་མོར་ཟླ་རེར་སྒོར་བཞི་སྟོང་ལྔ་བརྒྱ་ཡི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པས། ཁོ་བོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་སྒོ་བཙལ་ཐུབ་ཟེར།

རི་གུ་ཁྲུའུ་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་ནས་མཐར་ཕྱིན་རྗེས། སྔ་རྗེས་སུ་ནུས་རྒྱུ་གསར་པའི་ཁེ་ལས་ཀྱི་ལས་མི་དང་། ཆང་ཁང་གི་ཞབས་ཞུ་བ། རླངས་འཁོར་ཞིག་གསོ་ཁང་གི་མཉམ་གཉེར་པ། ཡུལ་སྐོར་སྣེ་ཁྲིད་པ་སོགས་ཀྱི་ལས་རིགས་སྣ་ཚོགས་ལ་ཚོད་ལྟ་བྱས་མོད། ཡིན་ནའང་ཁོས་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་མ་རྙེད། 2024ལོའི་ལོ་འགོར“འབྲི་ཆུའི་འབྲོག་གླུ”སྦྲ་གུར་སྤྲོ་གསེང་གླིང་ག་འཛུགས་པར་སྟ་གོན་བྱེད་སྐབས། ཏང་ཀྲི་པུའུ་ཡིས་ཤུགས་ཆེན་པོས་འོས་སྦྱོར་བྱས་པར་བརྟེན། རི་གུ་ཁྲུའུ་ལ་ཐོབ་དཀའ་བའི་ལས་ཀ་དེ་སྒྲུབ་པའི་སྐལ་བ་ལྡན་སོང་བ་རེད། དེ་སྔོན་ལས་གནས་ཐེངས་མང་པོར་བརྗེས་པའི་ཁོ་རང་ད་ལྟ་སྦྲ་གུར་སྤྲོ་གསེང་གླིང་ག་རུ་རྩ་བ་ཚུགས་ནས། ཚོང་ལས་འདི་ལེགས་པོར་གཉེར་བའི་ཆོད་སེམས་བཅངས་ཡོད།

རི་གུ་ཁྲུའུ་ཡིས་བཤད་རྒྱུར། “ད་ལོར་ངས་སྦྱིན་བདག་ལ་རེ་བ་ཞུས་ནས། གླུ་གར་འཁྲབ་སྟོན་དང་གཟིགས་སྐྱོང་བྱེད་སྒོ་སྤེལ་བར་བརྟེན། སྐུ་མགྲོན་གསར་རྙིང་ནང་འགུག་བྱས་ཏེ།  ཚོང་ལས་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཡོད། ངས་ད་དུང་རང་ཉིད་ཆེས་དགའ་བའི་བུ་མོ་དང་གཉེན་སྒྲིག་བྱས་ཏེ།  མཉམ་དུ་དྲོད་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་འཛུགས་རྩིས་ཡོད”ཟེར། མ་འོངས་པའི་འཆར་གཞི་གླེང་སྐབས་རི་གུ་ཁྲུའུ་ཡི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་འདུག

ཁོན་ཐར་དབང་རྒྱལ་དང་ཏིང་འཛིན་མཚོ་མོ་གཉིས་ཀྱིས་བསྒྱུར།