གྱི་ལིང་བཞོན་ནས་ཕུགས་འདུན་བསྙེགས།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

སློབ་མ་ཚོས་རྟར་ཞོན་པའི་ཉམས་མྱོང་བརྗེ་རེས་བྱེད་བཞིན་པ། 

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭའི་ཁྱད་ལྡན་སྐྱ་རྩལ་ཚོགས་པའི་སྦྱོང་བརྡར་ར་བར་དགའ་སྤྲོའི་འདུ་འཛིས་ཁེངས་ཡོད། སློབ་བུ་དག་ལ་མཚོན་ན། གཟའ་འཁོར་རེའི་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་ཁྱད་ལྡན་སྐྱ་རྩལ་སློབ་ཐུན་ནི་རྒྱུན་ལྡན་གྱི་སློབ་སྦྱོང་ལས་གཞན།  བྱིས་པ་རྣམས་ཀྱིས་ཆེས་རེ་སྒུག་བྱེད་སའི་ཕྱི་རོལ་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་གོ་སྐབས་ཞིག་རེད།  རྟ་རྒྱུག་ར་བའི་ནང་དུ་བྱིས་པ་རྣམས་ཀྱིས་རྟ་ཐོག་ནས་དཔའ་ཉམས་ལྡན་པའི་མཐོ་སྒང་འབྲོག་ཁུལ་གྱི་བྱིས་པའི་ཡིད་ཆེས་དང་སྤོབས་པ་མངོན་པར་བྱས་ཡོད།

ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭ་ནི་དཔེ་མཚོན་ཅན་གྱི་འབྲོག་ཁུལ་སློབ་ཆུང་ཞིག་ཡིན་ལ། མཚོ་འཕང་སྨི་བཞི་སྟོང་སུམ་བརྒྱ་ཡོད་པའི་མཇལ་ཐང་རྩྭ་ཐང་དུ་གནས་ཡོད། གནས་དེ་རུ་སློབ་རིམ་མི་འདྲ་བའི་སློབ་མ་རྣམས་གཟའ་འཁོར་རེར་མཉམ་དུ་འཛོམས་ནས་དགེ་རྒན་གྱི་སྣེ་ཁྲིད་འོག་སྐྱ་རྩལ་སྦྱོང་བ་དང་།  ཁྱད་ལྡན་སློབ་ཐུན་དེས་བྱིས་པ་རྣམས་ཀྱི་ལུས་སེམས་ལྷོད་པོར་བཏང་བ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ཚད་ངེས་ཅན་ཞིག་རྒྱུད་འཛིན་བྱས་ཡོད།

ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི་སློབ་གཙོ་འཇམ་དབྱངས་པ་སངས་ཀྱིས་བཤད་རྒྱུར།  སློབ་མའི་སློབ་གྲྭའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ། ཁོ་ཚོར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད།  2024 ལོའི་ཟླ9པར། སློབ་གྲྭས་སྐྱ་རྩལ་གྱི་ཁྱད་ལྡན་སློབ་ཁྲིད་བཙུགས་ནས། སློབ་ཁང་ནང་རྟའི་གོམས་གཤིས་དང་རྟ་ཡི་བཀོལ་ཆས་སྣ་ཚོགས་ཀྱི་ལག་ལེན་ཤེས་བྱ་ཁྱབ་གདལ་བཏང་ལ།  ཕྱི་རོལ་དུ་སློབ་ཁྲིད་བྱེད་པའི་སྐབས་སུ་བྱིས་པ་རྣམས་ལ་རྟའི་ཁ་ཇི་ལྟར་བཏུལ་བ་སོགས་ནན་ཏན་གྱིས་ཁྲིད་བཞིན་ཡོད་ཟེར།

སྦྱོང་བརྡར་མ་བྱས་སྔོན་ལ། ཁྲི་འདུ་རྫོང་སྐྱ་རྩལ་མཐུན་ཚོགས་ཀྱི་ཁོངས་མིའམ་སློབ་གྲྭའི་སྐྱ་རྩལ་དགེ་རྒན་ལོ་རན་ཡུང་གིས་སྐྱ་མིའི་དཔུང་ཚོགས་ཁྲིད་དེ་དགེ་སློབ་ཀྱི་མིག་མདུན་དུ་ཐོན་པ་དང་། གྲལ་འགྲིག་པའི་རྟ་མཆོག་དེ་དག་དལ་གྱིས་དགེ་སློབ་རྣམས་ཀྱི་མིག་མདུན་ནས་བསྐྱོད་དུས།  ཁོ་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་འབོད་བྱས།

ལོ་རན་ཡུང་གིས་ཐོག་མར་སྦྱོང་བརྡར་གྱི་སྐབས་སུ་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ་གསལ་བཤད་བྱས་པ་མ་ཟད། རྟར་ཞོན་པ་དང་རྟར་ཞོན་ནས་འགྲོ་བ། རྟ་ལས་མར་འབབ་པ་བཅས་ཀྱི་བྱེད་ཐབས་ཡང་དག་པའི་སྒོ་ནས་དཔེ་སྟོན་བྱས་རྗེས། བྱིས་པ་རྣམས་རེས་མོས་ཀྱིས་རྟ་ལ་ཞོན་དུ་བཅུག   ལོ་རན་ཡུང་གིས་བཤད་རྒྱུར། བྱིས་པ་རྣམས་ཀྱིས་སྐྱ་རྩལ་སྦྱངས་ནས་ལོ་ཕྱེད་ཙམ་འགོར་ཡོད་པ་དང་། དངོས་སུ་རྟ་ལ་ཞོན་པ་སོགས་ཀྱི་ལག་ལེན་བརྒྱུད་པས། རྟ་ལ་ཞོན་པའི་སྐྱ་རྩལ་ལ་བྱང་ཆ་ལྡན་པར་གྱུར་ཡོད།  ད་ལྟ། སློབ་རིམ་མཐོ་བའི་སློབ་མ་དག་གིས་ལྡེམ་མྱུར་ལྡན་པའི་སྒོ་ནས་རྟར་ཞོན་ཐུབ་པ་མ་ཟད་ཕུལ་བྱུང་སྐྱ་རྩལ་པ་ཆུང་བར་གྱུར་ཡོད་ཟེར།

སྦྱོང་བརྡར་ར་བའི་ནང་གི་སློབ་མ་བུ་མོ་ཞིག་གིས་མི་རྣམས་ཀྱི་ཡིད་དབང་བཀུག ཁོ་མོའི་སྐྱ་རྩལ་བཟང་ལ་གཟུགས་ཉམས་མཛེས་པས་རྟར་ཞོན་པའི་རྩལ་དེ་གཞན་དང་མི་འདྲ་བ་ཞིག་རེད། སློབ་མ་བུ་མོ་དེའི་མིང་ལ་སྒྲོལ་མ་དབང་མོ་ཟེར་ཞིང་སྐྱ་རྩལ་ཚོགས་པའི་སྐྱ་རྩལ་ཆེས་བཟང་བའི་སློབ་མའི་གྲས་ཀྱི་གཅིག་རེད།

སྒྲོལ་མ་དབང་མོས་བཤད་རྒྱུར། ང་རང་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་ལ་རྟར་ཞོན་རྒྱུར་ཤིན་ཏུ་དགའ་བ་དང་། རྟ་རྒྱུགས་འགྲན་སྡུར་ལ་བལྟ་རྒྱུར་ཡང་ཤིན་ཏུ་དགའ། སློབ་གྲྭས་སྐྱ་རྩལ་ཚོགས་པའི་སློབ་ཁྲིད་གསར་འཛུགས་བྱས་པས་ང་རང་ཧ་ཅང་དགའ་ལ། ངས་སློབ་གྲྭ་ནས་སྐྱ་རྩལ་བཟང་བོ་ཞིག་སྦྱང་ཐུབ་པ་མ་ཟད་ད་དུང་རྟ་སྒ་སྟོད་ཚུལ་སོགས་ཀྱི་ཤེས་བྱ་འགའ་ཡང་རྒྱུས་ལོན་བྱས་ཡོད་ཟེར།

སྐྱ་རྩལ་སློབ་ཁྲིད་ཀྱི་ཐོག་དང་པོའི་ཚོད་ལྟའི་སློབ་ཐུན་ལ་ཕྱིར་དྲན་ཞིག་བྱས་ན། སྒྲོལ་མ་དབང་མོར་བག་ཆགས་ཟབ་མོ་ཞིག་ཡོད་ལ།  མོས་བཤད་རྒྱུར།  སྐབས་དེར་ངས་དགེ་རྒན་གྱི་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་ཏེ་དཔེ་སྟོན་ལ་བལྟས་རྗེས་ཐེངས་དང་པོར་རྟར་ཞོན་སྐབས་ངས་རྟ་ཁ་མ་ཐུབ། དེའི་རྗེས་སུ། ངས་རྟ་དང་འབྲེལ་འདྲིས་བྱེད་ཐབས་ཡང་དག་ཞིག་འཚོལ་བའི་ཐད་འབད་པ་བྱས་ལ། ལོ་ཕྱེད་ཙམ་གྱི་རིང་ལ་སྦྱོང་བརྡར་བྱས་པ་བརྒྱུད། ད་ལྟ་ང་རང་རྟ་ཞོན་རྒྱུར་བྱང་ཡོད་པ་མ་ཟད་ད་དུང་སྐྱ་རྩལ་འཁྲབ་སྟོན་རེ་གཉིས་ཀྱང་བྱེད་ཐུབ་པར་གྱུར་ཡོད་ཟེར།

སློབ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་དབང་འབུམ་རྒྱལ་མཚན་གྱིས་སྤྲོ་སེམས་ལྡན་པའི་སྒོ་ནས་བཤད་རྒྱུར། རྟ་རྩལ་རུ་ཁག་ལ་བདམས་ཐོན་བྱུང་བས་ང་རང་རྟ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་བྱུང་བ་དང་། རྟ་རྩལ་རིག་གནས་དང་རྟར་ཞོན་པའི་གཞི་རྩའི་ནུས་རྩལ་མང་པོ་སྦྱང་བ་མ་ཟད། ད་དུང་རྟ་རྩལ་ཁྲོད་འདུས་པའི་རྟུལ་ཕོད་དང་གཞུང་དྲང་། ཡར་ཐོན་བཅས་ཀྱི་སྙིང་སྟོབས་ཀྱང་རྟོགས་སོང་། སྔོན་ཆད་ངས་རྟར་ཞོན་དུས་རྒྱུན་དུ་རྟ་ཐོག་ནས་ལྷུང་འགྲོ་མོད། ཡིན་ནའང་དགེ་རྒན་གྱི་ཡུན་རིང་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག་ངས་ཀྱང་རྟ་ཐོག་གི་དགའ་སྤྲོ་ཚོར་བྱུང་བས། དེས་ངའི་སློབ་སྦྱོང་དང་འཚོ་བའི་ཁྲོད་སྔར་ལས་རང་ཉིད་ལ་ཡིད་ཆེས་དང་བློ་སྤོབས་ལྡན་པར་གྱུར་ཟེར།

འཇམ་དབྱངས་པ་སངས་ཀྱིས་བཤད་རྒྱུར། སློབ་གྲྭས་རྟ་རྩལ་ཚོགས་པ་བཙུགས་ནས་རྟ་རྩལ་འཁྲབ་སྟོན་དེ་སློབ་རའི་རིག་གནས་ཁྲོད་འདྲེས་པར་བྱེད་པ་ནི། སློབ་མས་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་སྦྱོང་བརྡར་གྱི་ཁྱད་འཕགས་རང་བཞིན་དངོས་སུ་མྱོང་ཐུབ་པའི་ཆེད་ཡིན། ང་ཚོས་བྱེད་ཐབས་འདིར་བརྟེན་ནས་བྱིས་པ་ཚོས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཞོར་དུ། ཁོ་ཚོའི་དགའ་ཕྱོགས་དང་དཔུང་རོགས་ཀྱི་བསམ་པའང་གསོ་སྤེལ་བྱེད་བསམ་ཡོད་ཟེར།

ཁྱིམ་བདག་ཚེ་རིང་དངོས་གྲུབ་ཀྱིས་བཤད་རྒྱུར། སློབ་གྲྭའི་ནང་དུ་རྟ་རྩལ་ཚོགས་པའི་ཁྱད་ལྡན་སློབ་ཐུན་མགོ་བརྩམས་པ་ནས་བཟུང་། བྱིས་པ་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་རྗེས་དགའ་སྤྲོ་ཆེན་པོའི་ངང་ང་ལ་ཁོས་སློབ་གྲྭ་རུ་རྟ་རྩལ་སྦྱངས་པའི་གཏམ་རྒྱུད་མཉམ་སྤྱོད་བྱེད་པ་མ་ཟད། ངལ་གསོ་མཇུག་རྫོགས་རྗེས་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་སློབ་གྲྭར་འགྲོ་བཞིན་ཡོད། དེ་དག་ཚང་མ་རྒྱལ་ཁབ་ཀྱིས་གཞི་རིམ་སློབ་གསོར་རྒྱབ་སྐྱོར་དང་སེམས་ཁུར་བྱས་པའི་བཀའ་དྲིན་ཡིན་པས། སློབ་གྲྭའི་ཁོར་ཡུག་དང་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་གྱུར་ཡོད་ལ། བྱིས་པ་སློབ་གྲྭར་བསྐྱལ་ན་ང་རང་གི་སེམས་པ་ཧ་ཅང་བདེ་ཟེར།

དེང་སྐབས། དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི་རྟ་རྩལ་ཚོགས་པའི་སློབ་ཐུན་ནི་ཁྲི་འདུ་རྫོང་གི་སློབ་གྲྭ་རེའི་ཁྱད་ཆོས་རེར་འཛུགས་སྐྲུན་གྱི་གཙོ་གནད་དུ་གྱུར་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དང་། མི་དམངས་ཀྱི་ཡིད་ཚིམས་པའི་སློབ་གསོ་བསྐྲུན་ཆེད། ཉེ་བའི་ལོ་འགའི་རིང་ལ། ཁྲི་འདུ་རྫོང་གི་སློབ་གྲྭ་ཆུང་འབྲིང་དག་གིས་རིག་གནས་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དང་། ཁྱད་ལྡན་སློབ་ཁྲིད་གསར་སྤེལ་དེ་བྱེད་ཐབས་སུ་བྱས་ནས། ཧུར་ཐག་གིས“སློབ་གྲྭ་གཅིག་ལ་ཁྱད་ཆོས་རེ”ཡོད་པའི་ཁྱད་ལྡན་སློབ་གསོའི་ཟོང་རྟགས་བསྐྲུན་པ་དང་།  སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

འཇམ་དབྱངས་པ་སངས་ཀྱིས་བཤད་རྒྱུར། “ད་ལོར། ང་ཚོས་ད་དུང་སློབ་རིམ་མི་གཅིག་པའི་སློབ་མར་དམིགས་ནས་ཁྱད་ལྡན་སྐྱ་རྩལ་སློབ་ཁྲིད་ལ་རིགས་བགར་བ་དང་།  སྐྱ་རྩལ་འགུལ་སྐྱོད་སྔར་ལས་ལྷག་པར་སློབ་གྲྭའི་སློབ་ཐུན་གྱི་ཁྲོད་བཞག་ནས།  སློབ་གྲོགས་སྔར་ལས་མང་པོ་ཞིག་སྦྱོང་བརྡར་ར་བར་བསྐྱོད་དེ་རྟ་རྩལ་རིག་གནས་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ་དང་།  སྐྱ་རྩལ་སྦྱོང་བརྡར་ཐད་ཀྱི་བདེ་འཇགས་ཤེས་བྱ་དང་སྒྲིག་ལམ་བྱང་ཆུབ་ཏུ་བཅུག་སྟེ།  རྟ་ཐོག་ནས་ཕུགས་བསམ་ལ་རེ་སྙེག་བྱེད་དུ་འཇུག་རྒྱུ་ཡིན”ཟེར།

དངོས་སྦྱོང་སློབ་མ་བློ་བཟང་དོན་འགྲུབ་དང་རྡོ་རྗེ། རྡོ་རྗེ་རིན་ཆེན་བཅས་ཀྱིས་བསྒྱུར།