ལུང་པའི་ཕུག་ཏུ་གནས་པའི་སྐྱིད་པའི་སྡེ་བ།
2025.03.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

 ཞོགས་པའི་ཉི་ཤར་གྱི་རྩེ་མོ་ཨ་ཡེ་སེང་སྨན་རི་སྟེང་དུ་འཕྲོས་པ་ན། མཚོ་འཕགས་ལ་སྨི་ཉིས་སྟོང་བརྒྱད་བརྒྱ་ཡོད་པའི་བོད་རིགས་རི་གྲོང་སྟེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་འབའ་གཙང་ལུང་བ་ཧུའེ་རིགས་ཡུལ་ཚོའི་གུར་གོང་མ་སྡེ་བ་ནི་གསེར་གྱི་ཕྲ་རྒྱན་བཏབ་པ་དང་འདྲ། རྒྱང་ནས་བལྟས་ན། རི་ཚོགས་ཁྲོད་དུ་ཡིབ་པའི་གྲོང་སྡེ་ཆུང་ཆུང་དེ་ལྷིང་ཞིང་འཇགས་ལ་བཀྲ་ཤིས་པའི་དགེ་མཚན་ཞིག་ཤར་འདུག སྡེ་བའི་ལམ་ཕྲན་དག་ནི་འཕྲེད་གཞུང་དུ་བསྣོལ་མར་འཐེན་ཞིང་། ཁྱིམ་ཚང་ཀུན་གྱི་སྒེའུ་ཁུང་གཙང་ཞིང་གྲལ་དག་ལ་བོད་ཀྱི་རིག་གནས་ཐང་ཆེན་ཡངས་ཤིང་བདེ་བས། གནས་འདིའི་སྣོད་བཅུད་ཀུན་གྱིས་དབུལ་ཕོངས་སྡེ་བ་ཞིག་ནས་སྐྱིད་པའི་སྡེ་བ་ཞིག་ཏུ་གྱུར་བའི་འགྱུར་ལྡོག་ཆེན་པོ་གླེང་བཞིན་པ་དང་ཀུན་ནས་མཚུངས།

གུར་གོང་མ་སྡེ་བ་ནི་བོད་རིགས་རྐྱང་རྐྱང་གི་གྲོང་སྡེ་ཞིག་རེད། སྡེ་བ་ཡོངས་ལ་ཁྱིམ་ཚང་བརྒྱ་དང་གསུམ་དང་སྡེ་མི་སུམ་བརྒྱ་དོན་གསུམ་ཡོད། སྔོན་ཆད་སྡེ་མི་རྣམས་ཀྱི་ཡོང་འབབ་ཀྱི་གྲུབ་ཚུལ་ལྟོས་བཅས་ཀྱིས་སྣ་རྐྱང་རེད། ཕྱུགས་འཚོ་བ་ལས་གཞན་དུས་ཚིགས་རང་བཞིན་གྱི་ཞོར་ལས་གཉེར་ཏེ་ཡོང་འབབ་ཕྲན་བུ་རེ་འཚོལ་བ་ནི་ཁོ་ཚོའི་ཡོང་འབབ་གཙོ་བོ་རེད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལོ་བ་བཀྲ་ཤིས་ཚེ་རིང་གིས་ལག་གི་སེར་པོར་གྱུར་པའི་འདྲ་པར་དེ་ཕུར་ཕུར་བྱེད་ཞོར་མགོ་བོ་ཐད་དུ་གཡུག་བཞིན་བཤད་རྒྱུར། “སྐབས་དེར་ཁྱིམ་ཚང་རེ་རེས་རང་གི་ནས་ཞིང་མུའུ་འགའ་ཡོད་པ་དེ་བསྲུངས་ནས་བསྡད་ཡོད་པ་དང་སྡེ་བའི་ལམ་ཡང་མི་བདེ། ཁྱིམ་ཚང་རེ་རེའི་སོ་ཕག་གིས་བརྩིགས་པའི་མཁར་གྱང་རྙིང་པར་གྱུར་ཡོད་ལ། ན་གཞོན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་རུ་ཞོར་ལས་གཉེར་དུ་སོང་བས་ཤུལ་དུ་རྒན་རྒོན་དང་བྱིས་པ་ཚོ་ལུས་ཡོད”ཟེར།

“ཡུལ་མི་རྣམས་ལ་ཡོང་སྒོ་མང་པོ་ལེན་དུ་འཇུག་འདོད་ན། ཐོག་མར་ཁོ་ཚོའི་ཡིད་ཆེས་ཇེ་ཆེར་གཏོང་དགོས།” ལོ་བ་བཀྲ་ཤིས་ཚེ་རིང་གི་སྐད་ཆ་འདིས་གུར་གོང་མ་སྡེ་བར་ཕྱུག་འགྱུར་གྱི་ལམ་ཁ་བསྟན་བྱུང་།

ལོ་འདི་འགའི་རིང་ལ། འབའ་གཙང་ལུང་བ་ཧུའེ་རིགས་ཡུལ་ཚོའི་ཏང་ཨུས་བོད་རིགས་སྡེ་བའི་རང་བྱུང་གི་དགེ་མཚན་ལ་རྐང་བཙུགས་པ་དང་། “སྐྱེ་ཁམས+རིག་གནས་ཡུལ་སྐོར”གྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས།  མཚོ་སྔོན་པའི“རི་མྱུལ”གོམས་སྲོལ་དང་འཚམ་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་རྙེད། གུར་གོང་མ་སྡེ་བ་ནི“རི་མྱུལ”སྐོར་ལམ་དེའི་སྟེང་གི“ལྟེ་བ”རེད།

“ང་ཚོ་ལྟ་བུའི་རི་གྲོང་ཆུང་ཆུང་གིས་ཀྱང་ཡུལ་སྐོར་ཡོང་སྒོ་ལེན་ཐུབ་པ་སེམས་ལའང་དྲན་མ་མྱོང་། སྔོན་ཆད་ཤ་ཉེ་རྣམས་ཀྱང་ལམ་ཐག་རིང་བར་སྐྲག་ཡོད་ལ། ད་ལྟ་གྲོང་ཁྱེར་པ་རྣམས་ཡོང་སྟེ‘ཞག་མ་གཅིག་ལ་བསྡད་ཆོག་གམ’ཞེས་དྲིས་ན་ང་ཚོ་སེམས་གཏིང་ནས་དགའ་བ་ཞིག་རེད། ”

སྡེ་མི་ཅ་རྟ་མགྲིན་སྐྱབས་གསར་དུ་ལས་པའི་སྣུམ་ལམ་སྟེང་དུ་འགྲོ་བཞིན་ཡོད་ལ། སྨུག་མདོག་གི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་རྒྱ་གྲོལ་ཡོད།

ལས་གཞི་བརྩོན་ལེན་དང་ཚོང་འགུག་དངུལ་འདྲེན་བྱས་པ་བརྒྱུད། གུར་གོང་མ་སྡེ་བ་དང་ཕྱོགས་གསུམ་པའི་དངུལ་གཏོང་ཀུང་ཟི་གཉིས་ཀྱིས་མཉམ་དུ་སྒོར་འབུམ་གསུམ་ལྷག་བཏང་སྟེ། “ནགས་གསེང་གི་ཁ་བརྡ”ཞེས་པའི་བོད་ཀྱི་ཡུལ་སྲོལ་ཉམས་སུ་མྱོང་སའི་སྒར་ས་ཞིག་བསྐྲུན། རི་ཆུ་ནགས་གསུམ་གྱི་གསེང་དུ་རས་གུར་སྐར་ཚོགས་བཞིན་ཕུབ་ཡོད་པས། ལོ་རེའི་དབྱར་གཞུང་ཚ་བ་རྒྱས་པའི་སྐབས་སུ། གུར་གོང་མ་སྡེ་བའི་སྒར་སའི་བསིལ་ཞིང་འཇམ་པའི་གནམ་གཤིས་དང་ཡིད་དབང་འཕྲོག་པའི་ཡུལ་ལྗོངས། ཐུན་མོང་མ་ཡིན་པའི་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱིས་ཕིན་ཨན་ཆུས་དང་མཐའ་འཁོར་གྱི་གྲོང་ཁྱེར་པ་དག་སྤྲོ་གསེང་དགའ་འཛོམས་བྱེད་དུ་བཀུག་ཅིང་། རྟག་པར“མལ་ཁྲི་གཅིག་ཀྱང་མི་ལུས་པའི”སྣང་ཚུལ་བྱུང་ཡོད།

“སྒར་སས་ལོ་རེར་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྒོར་ཁྲི་གསུམ་ཡས་མས་སྤྲོད་བཞིན་ཡོད་ལ། དུས་མཚུངས་སུ། རང་ཡུལ་གྱི་བྱ་སྒོང་དང་འབྲི་ཞོ། འབྲི་མར་སོགས་ཁྱད་ཆོས་ལྡན་པའི་ཞིང་ཞོར་ཐོན་རྫས་འཚོང་ཐུབ་པས། སྡེ་མི་རྣམས་ཀྱིས‘སྐྱེ་ཁམས་ཀྱི་ཅ་ནེ’བཏེགས་ནས‘ཡུལ་སྐོར་གྱི་ཡོང་སྒོ’ལེན་ཐུབ་པར་གྱུར་ཡོད”ཅེས་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་ལས་ཐོན་པའི་འགྱུར་ལྡོག་གླེང་དུས། ལོ་བ་བཀྲ་ཤིས་ཚེ་རིང་དགའ་ནས་འཛུམ་མདངས་འགོག་མེད་དུ་རྒྱས་སོང་།

གྲོང་གསེབ་ཡུལ་སྐོར་ཐོན་ལས་སྤེལ་བ་ལས་གཞན། གུར་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་ཏང་གི་སྲིད་ཇུས་རོགས་སྐྱོར་དང་སྲིད་གཞུང་རིམ་པ་ཁག་གི་མགོ་ཁྲིད་འོག ཞིང་ཕྱུགས་ཐོན་རྫས་ཀུང་སི་དང་སྐྱེལ་འདྲེན་ཀུང་ཟི། ཕིན་ཨན་ས་ཚིགས་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་གཞིར་བསྟུད་མར་མ་དངུལ་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རིམ་བསགས་ཀྱིས་སྒོར་འབུམ་དགུ་དང་ཁྲི་དྲུག་ལྷག་ཐོབ།

ཞིང་སྡེར་འཚོ་སྟོབས་རྒྱས་པས་ཞིང་ལས་ཀྱི་ཕན་འབྲས་འཕར་ཞིང་ཞིང་པའི་ཡོང་འབབ་ཀྱང་འཕར། གུར་གོང་མ་སྡེ་བ་གོམ་ཆེན་གོམ་ཆུང་གིས་དེད་དེ་གོམ་པ་རེ་རེ་བཞིན་གྲོང་གསེབ་དར་སྤེལ་གྱི་ལམ་དུ་བསྐྱོད་ནས་མི་རྣམས་དགའ་བའི་དཔལ་ལ་རོལ་ཡོད།

ལོ་བ་སྐལ་བཟང་ཚང་གི་སྡོད་ཁང་གསར་པར་འཛུལ་བ་ན། བརྐོས་རིས་ཅན་གྱི་སྒེའུ་ཁུང་ལས་དྲོད་འཇམ་གྱི་ཉི་འོད་འཕྲོས་ལ། ཁྱམས་བར་གྱི་མེ་ཏོག་དག་ཅི་དགར་བཞད་ཡོད། ཁང་པའི་ནང་དུ་ཁ་པར་གྱིWiFiབརྡ་རྟགས་ཡོད་པ་དང་། རང་བྱུང་སོལ་རླངས་སྦུག་ལམ་དང་བཙོག་ཆུའི་སྦུག་དྲ་འཐེན་ཡོད་པས་གསང་སྤྱོད་ཁང་ཡང་གྲལ་དག་པོ་རེད།

“ད་ལྟ་རྡོ་སོལ་མི་འབུད་པ་དང་ཚ་ཐབ་ཀྱང་མེད་པས་གྲོང་ཁྱེར་དང་མཚུངས་པར་ཁང་པ་གྲལ་དག་ཡིན། སྡེ་བའི་ནང་དུ་ད་དུང་སྤྲོ་གསེང་ཐང་ཆེན་དང་མདའ་འཕེན་ར་བ། ལྒང་རྩེད་ར་བ་སོགས་ཡོད། མང་ཚོགས་ཀྱི་འཚོ་བ་མངར་ཇ་ལས་ཞིམ་མངར་ལྡན་པ་ནི་ཏང་གི་སྲིད་ཇུས་བཟང་པོའི་དྲིན་རེད”ཅེས་ད་ལྟའི་འཚོ་བ་གླེང་སྐབས་ལོ་བ་སྐལ་བཟང་ལ་མྱོང་ཚོར་རྫོགས་མཐའ་བྲལ་བ་ཞིག་ཡོད།

ཏང་ཡོན་རྒན་པ་ཀྲང་ལིའུ་ཧྲི་ཡིས་སྡེ་བའི་ནང་གི་འགྱུར་ལྡོག་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་ཡོད་དེ། ཁོས་བཤད་རྒྱུར། “སྨན་པར་སྟོན་ན་སྡེ་བའི་ཕྱི་རུ་འགྲོ་མི་དགོས་ལ་མྱུར་སྐྱེལ་རང་གི་ཁྱིམ་སྒོར་བསྐྱལ་ཡོང་། སྤྱི་སྤྱོད་རླངས་འཁོར་ཡང་སྡེ་བའི་ནང་དུ་ཐོན་ཐུབ། འདི་དག་ཐམས་ཅད་སྔོན་ཆད་རྨི་ལམ་དུའང་རྨིས་མ་མྱོང”ཟེར།

ཏང་གི་དམངས་དོན་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དཔྱིད་ཀའི་རླུང་བུ་བཞིན་དུ་ལྡང་བས་རི་གྲོང་དེར་སྐྱིད་པའི་མེ་ཏོག་བཞད་ཅིང་དཔལ་ཡོན་གསར་པ་རྒྱས་ཡོད།

“བཀྲ་ཤིས། འགྲོ་ཡ། སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སློབ་ཁྲིད་ལ་ཉན་དུ་འགྲོ”ཞེས་སྡེ་མི་ལོ་བ་གསང་བདག་གིས་སྡེ་དམངས་རྣམས་འབོད་ཀྱིན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་སུ་འགྲོ་བཞིན་འདུག

ཚོགས་ཁང་དུ་ཕིན་ཨན་ཆུས་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱི་ཞིང་ལས་ལག་རྩལ་དགེ་རྒན་གྱིས་མི་རྣམས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་བཞིན་ཡོད། སྡེ་མི་ལོ་བ་གསང་བདག་གིས་ཧ་ཅང་ནན་ཏན་གྱིས་ཉན་འདུག ཁོས“ད་ལྟ་མགོ་བསྒུར་ནས་ཞིང་ལས་ཁོ་ན་མི་གཉེར་བར་རྒྱལ་ཁབ་ཀྱི་སྲིད་ཇུས་ལའང་བལྟ་དགོས། རྒྱལ་ཁབ་ཀྱིས་ཞིང་སྡེའི་འཕེལ་རྒྱས་ལ་མཐོང་ཆེན་དང་མང་ཚོགས་ལའང་སེམས་ཁུར་བྱེད་བཞིན་ཡོད་པས། སྒྲོག་འགྲེལ་ལ་ཉན་ན་བློ་བདེ་བག་ཕེབས་ཡོང་བ་ཞིག་རེད”ཟེར།

འབའ་གཙང་ལུང་བ་ཧུའེ་རིགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མོ་ཧའེ་ཀྲུང་གིས། “གྲོང་གསེབ་དར་སྤེལ་ནི་ཕྱི་ཚུལ་གྱི་བྱ་བ་ཞིག་མ་ཡིན་པར། ས་གཞིའི་སྟེང་དུ་རེ་བའི་ས་བོན་བཏབ་སྟེ་ཡུལ་མི་རྣམས་ལ་མ་འོངས་པའི་རེ་བ་མཐོང་དུ་འཇུག་རྒྱུ་དེ་རེད”ཟེར།

ཐོན་སྐྱེད་འཚོ་བ་ནས་རིག་གནས་བྱ་འགུལ་བར་དུ། མི་སེམས་དྲོ་བར་བྱེད་པའི་དམངས་འཚོའི་ལས་གཞི་རེ་རེས་སྡེ་དམངས་རྣམས་ལ་བདེ་སྐྱིད་མིག་གིས་མཐོང་དུ་བཅུག་ཡོད། སྔོན་ཆད་འཚོ་བར་སེམས་ཁུར་བྱེད་ཀྱིན་པའི་སྡེ་མི་རྣམས་ད་ལྟ་རེ་རེའི་གདོང་ལ་སྤོབས་པའི་འཛུམ་མདངས་དང་སེམས་ཤུགས་རྒྱས་འདུག

མུན་པ་རིམ་གྱིས་འཐིབས་ཡོང་དུས། སྡེ་བའི་ནང་གི་རིག་གནས་ཐང་ཆེན་གྱི་མེ་ཕུང་གི་འགྲམ་དུ་ལུས་ལ་བོད་ལྭ་གྱོན་པའི་བུད་མེད་རྣམས་དགའ་སྤྲོའི་གར་ལ་རོལ་བཞིན། ཕུ་རུང་མཁའ་ལ་གཡུག་སྟེ་གར་གྱི་སྟངས་སྟབས་མངོན་སོང་། ཕོ་གསར་རྣམས་ཀྱིས་གདངས་མཐོ་བའི་གླུ་སྐད་སྙན་མོ་ངག་ལ་དྲངས་ནས། མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་སྙན་པའི་གླུ་དང་སྐྱིད་ཀྱི་འཚོ་བར་རོལ་འདུག 

ལྷ་མོ་འཚོས་རྩོམ་སྒྲིག་བྱས།