ནན་ཏན་གྱིས་ལག་བཟོ་བྱེད་ཀྱིན་པའི་བགྲེས་པོ།
ལས་རེས་སྨན་པས་རྒན་པའི་ནད་ལ་བརྟག་བཞིན་པ།
རྒན་རྒོན་རྣམས་ཀྱིས་ཟ་ཁང་དུ་ཟས་ལ་རོལ་བཞིན་པ།
ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་སུ་སོང་བ་ན། གསར་འགོད་པས་རྒན་པ་བཅུ་ལྷག་གིས་ལག་ཏུ་ཁ་བཏགས་བཟུང་ནས་རྩྭ་ཐང་གི་བུ་དང་བུ་མོ་རྣམས་ཀྱི་འཚོ་བའི་སྤྲོ་སྣང་མཚོན་ཐུབ་པའི་བསྟོད་གླུ“ཞིམ་མངར་ལྡན་པའི་འོ་ཇ་དཀར་ཡོལ་གང་བོ་འདི་ཁྱེད་ལ་འབུལ་ཞིང་ཀུན་ལ་འབུལ། ང་ཚོའི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་ལུས་ཕུང་བདེ་ཐང་ཡོང་བ། མ་འོངས་པའི་འཚོ་བར་བདེ་སྐྱིད་དང་སྤྲོ་དགས་ཁེངས་པར་སྨོན” ཞེས་ལེན་བཞིན་ཡོད་པ་མཐོང་།
དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་པ་བསོད་ནམས་དར་རྒྱས་ཀྱིས་མགྲོན་པོ་སླེབས་པ་མཐོང་རྗེས་གོམ་སྟབས་མགྱོགས་པོས་མདུན་བསུས་ཏེ། “ཁྱོད་ཚོ་དེ་རིང་ཡོང་བ་ངོ་མ་སྟབས་འགྲིག་སོང་། ང་ཚོས་སྐྱེ་ཁམས་ཉི་འོད་ཁང་པའི་ནང་རྒན་པ་ཁོ་ནར་དབང་བའི་གཟའ་མཇུག་མཉམ་སྤྲོའི་ཚོགས་འདུ་རྩ་འཛུགས་བྱེད་བཞིན་ཡོད་ལ། སྐབས་འདིར་གླུ་ལེན་སྒྱུ་རྩལ་གྱི་མགོ་བརྩམས་མ་ཐག་ཡིན་ཞིང་། རྗེས་ན་ད་དུང་བོད་ཀྱི་མིག་མངས་འགྲན་སྡུར་དང་ལག་ཤེས་བཟོ་ལས་སོགས་ལྟད་མོ་ཆེ་བའི་བྱ་འགུལ་ཡོད”ཅེས་བཤད་རྗེས། བསོད་ནམས་དར་རྒྱས་ཀྱིས་གསར་འགོད་པ་ཁྲིད་དེ་རྒན་པ་རྣམས་ཀྱིས་འཇོན་ཐང་དང་སྒྱུ་རྩལ་ངོམ་པར་བལྟ་རུ་སོང་།
བྱ་འགུལ་མཇུག་རྫོགས་རྗེས། བསོད་ནམས་དར་རྒྱས་ཀྱིས་ཟིན་བྲིས་ཤིག་བླངས་ནས་རྒན་པ་རྣམས་ཀྱི་དཀྱིལ་དུ་ཙོག་སྟེ “ན་ནིང་ཚང་མས་བཏོན་པའི་རེ་སྨོན་ཆུང་ངུ་རྣམས་ང་ཚོས་ཇི་བཞིན་དུ་བསྒྲུབས་ཚར། ད་ལོར་རེ་སྨོན་གསར་པ་ཅི་ཞིག་ཡོད་དམ”ཞེས་བཤད་རྗེས་ཚང་མས་ལམ་སེང་བགྲོ་གླེང་བྱས་བྱུང་།
“ལག་ཤེས་བཟོ་ཤག་ཏུ་ནོར་གྱི་སྐུད་པ་མང་ཙམ་གྲ་སྒྲིག་བྱས་ན་ཆོག་གམ། ངས་ཚང་མར་རྒྱབ་ཁུག་ཅིག་བཟོ་འདོད།”
“ང་ལ་གློག་སྒུལ་འཁོར་ལོ་ཞིག་མཁོ།”
དེ་དང་དེ་ལྟ་བུའི་རེ་སྨོན་མང་པོ་བཤད་པའི་སྐད་སྒྲའི་བར་ནས་བསོད་ནམས་དར་རྒྱས་ཀྱི་ཟིན་བྲིས་སྟེང་མགྱོགས་པོར་ཤོག་ངོས་གསུམ་བྲིས་ནས་བཀང་བར་བྱས།
“ཏིང་ལིང་ལིང་།”དྲོས་ཇ་འཐུང་བརྡ་གྲགས་བྱུང་། ཚང་མས་རིམ་གྱིས་བགྲོ་གླེང་མཚམས་བཞག་སྟེ་ཇ་ཁང་གི་ཕྱོགས་སུ་སོང་། སྐབས་དེར་རྒན་པ་ཞིག་གིས་བསོད་ནམས་དར་རྒྱས་ལ་བཤད་རྒྱུར། “ངའི་ད་ལོའི་རེ་སྨོན་ནི་ན་ནིང་དང་གཅིག་འདྲ་ཡིན། ཚང་མར་སློབ་ཁྲིད་ཐེངས་ཤིག་བྱེད་འདོད།”ཟེར།
རྒན་པ་དེའི་མིང་ལ་སྐལ་བཟང་ཟེར་ཞིང་ད་ལོར་ལོ74རེད། བཟའ་ཟླ་འདས་པས་ཁོ་རང་གཅིག་པུ་དར་ལག་རྫོང་སྟག་ཐོག་ཞང་དུ་བསྡད་ཡོད་ལ། 2021ལོར་དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་འཚོ་བ་རོལ། 2023ལོར། དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ཀྱིས་རྒན་པའི་སྣ་མང་ཅན་གྱི་དགོས་མཁོ་བསྐང་ཕྱིར་རེ་སྨོན་ཆུང་ཆུང་བསྡུ་བའི་བྱ་འགུལ་སྤེལ། རྒན་པ་སྐལ་བཟང་ནི་ལོ་ངོ་མང་པོར་འབྲོག་ཁུལ་དུ་འཚོ་བ་རོལ་བས་རྐང་པ་གཉིས་ལ་གྲུམ་ནད་ཚབས་ཆེན་བྱུང་ཡོད། དེ་བས་ཁོས་ཚོད་ལྟ་ཞིག་བྱེད་བསམ་ནས་གྲུམ་བུ་སྨན་བཅོས་བྱེད་པའི་རེ་འདུན་བཤད།
བསོད་ནམས་དར་རྒྱས་ཀྱིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། “སྐབས་དེར་ང་ཚོས་རེ་འདུན་བསྡོམས་རྩིས་བྱེད་དུས་རྒན་པ་སྐལ་བཟང་གི་རེ་འདུན་དང་གཅིག་འདྲ་ཡིན་པ་མང་པོ་མཐོང་། དེ་བས་ང་ཚོས་མྱུར་བར་དར་ལག་རྫོང་དམངས་སྲིད་ཅུའུ་ལ་འབྲེལ་གཏུག་བྱས་ནས་རྒན་པ་འདི་དག་གི་རེ་འདུན་མངོན་འགྱུར་བྱེད་མགོ་བརྩམས་པ་ཡིན”ཟེར། 2024ལོའི་ཟླ10པར། རྒན་པ་སྐལ་བཟང་ཚུད་པའི་གྲུམ་ནད་བྱུང་ཡོད་པའི་རྒན་པ7དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་མི་སྣའི་འགྲོ་རོགས་འོག་ཟི་ལིང་གྲོང་ཁྱེར་གྱི་རུས་ནད་ཆེད་གསོ་སྨན་ཁང་ག་གེ་མོར་སོང་ནས་རིན་མེད་ངང་སྨན་བཅོས་བྱས།
རྒན་པ་སྐལ་བཟང་དགོད་ཞོར་དུ་བཤད་རྒྱུར། “གཤག་བཅོས་ཤིན་ཏུ་ལེགས་འགྲུབ་བྱུང་འདུག ད་ལྟ་ངའི་རྐང་པ་སོས་པ་ཧ་ཅང་བཟང་། ཁ་སང་ངས་ད་དུང་ཚང་མ་དང་མཉམ་དུ་སྐོར་བྲོ་འཁྲབ་པ་ཡིན”ཟེར། གཤག་བཅོས་བྱས་ནས་ཕྱིར་ལོག་རྗེས་ཅང་མ་འགོར་བར། རྒན་པ་སྐལ་བཟང་གིས་སློབ་ཁྲིད་ཐེངས་ཤིག་བྱེད་འདོད་པའི་རེ་འདུན་ཆུང་ངུ་བཤད།
“རྒན་པ་སྐལ་བཟང་གི་སློབ་ཁྲིད་དེ་ངས་ད་རུང་བརྗེད་དཀའ།”རྒན་པ་རྣམས་གསོལ་ཁང་དུ་འཁྲིད་ཀྱིན་པའི་བདག་སྐྱོང་པ་དབང་ཕྱུག་གིས་ཕྱིར་དྲན་བྱས་པ་སྟེ། “རྒན་པ་སྐལ་བཟང་གིས་རང་གི་རྐང་པ་དྲག་སྐྱེད་བྱུང་བའི་ཉམས་མྱོང་དངོས་ལ་སྦྱར་ཏེ་ཏང་གི་གཞི་རྩའི་རྒན་གསོ་ཞབས་ཞུ་སྲིད་ཇུས་ཀྱིས་ཁོ་རང་ཉིད་དང་སྨན་པར་བསྟེན་དཀའ་བའི་རྒན་པ་གཞན་དག་ལ་ཇི་ལྟར་ཕན་ཐོགས་པའི་སྐོར་ནས་སློབ་ཁྲིད་བྱས། དེ་ནས་ཁོས་སྒོ་སམ་གྱི་ངོས་སུ‘ཏང་གི་བཀའ་དྲིན་དྲན། ཏང་གི་གསུང་ལ་ཉན། ཏང་གི་རྗེས་སུ་འབྲངས’ཞེས་པའི་ཡིག་འབྲུ་དེ་དག་བྲིས་བྱུང”ཟེར།
རྒན་པ་སྐལ་བཟང་ནི་ཕན་པ་འཐོབ་མཁན་གྲས་ཀྱི་གཅིག་ཡིན།
2019ལོའི་ཟླ8པར་དངོས་སུ་འཁོར་སྐྱོད་ཚོང་གཉེར་བྱས་པའི་རྒན་གསོ་ཞབས་ཞུ་ལས་ཁུངས་འདིའི་ནང་དུ་རྒན་པ་བརྒྱ་དང་བཅུ་དགུ་བསྡུས་ཤིང་ནང་དུ་འདུག་ཚད་བརྒྱ་ཆའི་གོ་དགུ་ལ་སླེབས། 2022ལོར། དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ནི་ཞིང་ཆེན་ཡོངས་ཀྱི་སྐར་གསུམ་རིམ་པའི་རྒན་གསོ་ལས་ཁུངས་སུ་བདམས་པ་དང་། མིག་སྔར་མགོ་ལོག་ཁུལ་གྱི་སྐར་གསུམ་རིམ་པའི་རྒན་གསོ་ལས་ཁུངས་གཅིག་པུ་དེ་རེད།
བསོད་ནམས་དར་རྒྱས་ཀྱིས་རྒན་པ་སྐལ་བཟང་དང་ཁ་བརྡ་བྱས་ཚར་རྗེས་གསར་འགོད་པ་ཁྲིད་ནས་དྲང་མོར་བྱང་ཕྱོགས་ཀྱི་སྨན་གསོ་ཁམས་གསོ་ཐོག་ཁང་དུ་སོང་། “སྨན་གསོ་ཁམས་གསོ་ཐོག་ཁང་འདི་ནི2023ལོའི་ཟླ4པར་དངོས་སུ་བཀོལ་སྤྱོད་བྱས། 2022ལོར། ང་ཚོས་དར་ལག་རྫོང་བོད་སྨན་ཁང་དང་སྨན་བཅོས་ཞབས་ཞུའི་གྲོས་ཆིངས་བཞག་ཅིང་། མཉམ་འབྲེལ་སྒོས‘ནད་ཡོད་ན་སྨན་བཅོས་བྱེད། ནད་མེད་ན་ཁམས་གསོ་བྱེད’ཅེས་པའི་རྒན་གསོ་ཞབས་ཞུའི་རྣམ་པ་གསར་པ་བསྐྲུན། དུས་མཚུངས་སུ་སྨན་པ་ཉིན་རེར་ལས་ཐོག་ཏུ་སྡོད་པའི་ལམ་ལུགས་བཙུགས་ནས་རྒན་པ་རྣམས་ལ་རིན་མེད་སྨན་བཅོས་དང་ཁམས་གསོ་བདག་སྐྱོང། རྒྱུན་ལྡན་གྱི་ལུས་ཕུང་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།”སྨན་གསོ་ཁམས་གསོ་ཐོག་ཁང་གི་ཁེར་ཐོག་ཏུ་སོང་བ་ན་རྩྭ་སྨན་གྱི་དྲི་མ་སྟུག་པོ་ཞིག་སྣ་ལམ་དུ་འཐུལ་ཞིང་། དྲི་མ་དེའི་ཕྱོགས་སུ་བལྟས་པ་ན་ཁྱད་ལྡན་སྨན་བཅོས་ཁང་དུ་དར་ལག་རྫོང་བོད་སྨན་ཁང་གི་ལས་ཐོག་སྨན་པས་རྒན་པར་མེ་བཙའ་འཇོག་བཞིན་འདུག དར་ལག་རྫོང་བོད་སྨན་ཁང་གི་སྡོད་བཅོས་སྨན་པ་དབང་ཆེན་རྒྱལ་གྱིས་གསར་འགོད་པར་ངོ་སྤྲོད་བྱེད་རྒྱུར“འདིར་ཡོང་ནས་སྨན་པ་བསྟེན་མཁན་གྱི་རྒན་པ་ཕལ་མོ་ཆེར་སྒལ་ཚིགས་སུ་རུས་འཛེར་སྐྱེ་བའི་ནད་དང་གྲུམ་བུའི་ནད་སོགས་བྱུང་ཡོད། དེ་ལ་ང་ཚོས་ཀྲུང་ལུགས་དང་བོད་ལུགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་སྨན་བཅོས་བྱས་པ་ཡིན་ཞིང་། མིག་སྔར་ཁྲག་གཏར་བ་དང་ཁབ་མེ། སྨན་ལུམས་བཅས་ཚུད་པའི་བཅོས་ཐབས་ཉེར་བརྒྱད་སྤེལ་ལ། ཉིན་རེར་ཆེས་མང་ནའང་རྒན་པ་བཞི་ཅུ་ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད”ཅེས་བཤད།
ཉིས་ཐོག་གི་ཁམས་གསོ་སྦྱོང་བརྡར་ཁང་དུ། ལོ72ཡིན་པའི་རྒན་པ་མཁར་ལོ་ཡིས་དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ཀྱི་བདག་སྐྱོང་མགོ་གཙོ་ལྕགས་ཡེད་ཀྱི་རོགས་རམ་འོག་ཁམས་གསོ་ལུས་སྦྱོང་བྱེད་བཞིན་འདུག མཁར་ལོས་བཤད་རྒྱུར“སྔོན་ཆད་རང་ཉིད་ལ་སྐྱ་གྲིབ་ཡོད་པ་མ་ཤེས། དངོས་པོར་ལྟ་དུས་རྒྱུན་དུ་རབ་རིབ་ཡིན་ཞིང་། ལམ་དུ་འགྲོ་དུས་རྒྱུན་དུ་མཉམ་མ་བཞག་པར་འགྱེལ་འགྲོ རྐང་པ་དང་རྐེད་པའི་སྟེང་ནད་མང་པོ་བྱུང་ཡོད་པས་ང་མཚམས་ལན་རེར་འདིར་ཡོང་ནས་སྦྱོང་བརྡར་སླར་གསོ་བྱས་པ་ཡིན”ཟེར། ཁོས་ལག་གི་ཁམས་གསོ་འཕྲུལ་ཆས་དལ་གྱིས་ས་ལ་བཞག་པ་དང་ཁ་པར་ཕྱིར་བླངས་ནས་གསར་འགོད་པར་བཤད་རྒྱུར། “འདི་ནི་ན་ནིང་ངས་སྐྱ་གྲིབ་གཤག་བཅོས་བྱས་རྗེས་ཀྱི་པར་ཡིན་ཞིང་། མིག་གིས་གསལ་པོར་མཐོང་ཐུབ་པའི་ཚོར་བ་ངོ་མ་སྐྱིད་པོ་འདུག”ཟེར།
2024ལོའི་ཟླ7པར། བསོད་ནམས་དར་རྒྱས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཨའེ་ཨར་མིག་ནད་སྨན་ཁང་གིས་པད་མ་རྫོང་དུ་སྐྱ་གྲིབ་ཀྱི་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བཞིན་པ་ཐོས་པས། ཁོས་ཡར་སྔོན་ལུས་ཕུང་བརྟག་དཔྱད་ལས་སྐྱ་གྲིབ་བྱུང་ཡོད་པ་ཤེས་པའི་རྒན་པ་རྣམས་རྩ་འཛུགས་བྱས་ནས་པད་མ་རྫོང་ལ་སྨན་བཅོས་བྱེད་དུ་སོང་། ཉིན་འགའི་རྗེས་སུ། རྒན་པ་བཅུ་ཕྲག་ཅིག་གིས་ཐེངས་འདིའི་སྨན་བཅོས་ལས་ཡང་བསྐྱར་འོད་སྣང་མཐོང་།
“རིན་མེད་དུ་སྨན་བཅོས་དང་ཁམས་གསོ་སྦྱོང་བརྡར་བྱེད་ཆོག་པ་འདི་སྔོན་ཆད་ངའི་སེམས་སུའང་དྲན་མི་ཕོད།” དེ་ནས་མཁར་ལོས་ཀྱང་ཁོ་དང་རྒན་པ་རྣམས་ཀྱིས་བོད་ཀྱི་མིག་མངས་རྩེ་བ་དང་གླུ་དབྱངས་ལེན་པའི་སྐབས་ཀྱི་པར་མང་པོ་གསར་འགོད་པར་བསྟན། མཁར་ལོའི་མིག་མཐར་མཆི་མ་འཁོར་ནས་བཤད་རྒྱུར“ང་ད་ལྟའི་འཚོ་བར་ཧ་ཅང་དགའ། འཚོ་བའི་ཐད་དུས་ཚོད་ཉེར་བཞིར་ཆེད་དུ་བདག་སྐྱོང་བྱེད་མཁན་ཡོད་ཅིང་། བཟའ་བཏུང་གི་ཐད་ནས་དཀར་ཟས་དང་དམར་ཟས་བསྡེབས་ཤིང་ཐུན་རེར་སྣ་ཁ་མི་གཅིག ཁོམ་དུས་ད་དུང་ལག་ཤེས་ཐོན་རྫས་ལས་ཆོག་ལ་བོད་ཀྱི་མིག་མངས་ཀྱང་རྩེ་ཆོག གནས་འདི་རུ་ངས་རང་ཁྱིམ་ལྟ་བུའི་ཚོར་བ་མངོན་སུམ་དུ་མྱོང་ཐུབ”ཟེར།
ཟླ་གསུམ་པའི་མཐོ་སྒང་གི་དཔྱིད་རླུང་ལ་གྲང་ངར་ཆེ་ཡང་། དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་སུ་བྱུང་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་རེ་རེས་མི་སེམས་ལ་དྲོད་ཁོལ་སྟེར། དར་ལག་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གུར་མགོན་གྱིས་ཁ་པར་ལས་གསར་འགོད་པར་བཤད་རྒྱུར། “རྒན་པ་རྣམས་ཀྱི་རིམ་མང་ཅན་དང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་བསྐང་ཕྱིར། ང་ཚོས་ད་ལོ་དང་སང་ལོ་སྟེ་ལོ་གཉིས་ཀྱི་རིང་ལ་བདག་སྐྱོང་མལ་ཁྲི་ཁ་སྣོན་དང་སྤྱི་ཚོགས་ལས་བྱེད་མི་སྣའི་ལས་དོན་ཁང་འཛུགས་པ། བདག་སྐྱོང་མི་སྣའི་གཞི་ཁྱོན་ཅན་གྱི་གསབ་སྦྱོང་ཤུགས་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དར་ལག་རྫོང་རུའེ་ཧྥུའུ་ཁམས་གསོ་ཞབས་ཞུ་ལྟེ་གནས་ནི་སྐར་བཞི་རིམ་པའི་རྒན་གསོ་ལས་ཁུངས་སུ་བསྐྲུན་པ་དང་། དར་ལག་ཁོ་ནར་དབང་བའི‘ཆེས་མཛེས་པའི་ལ་ཁའི་ཉི་མ་དྲོན་མོ’ཞེས་པའི་ལེའུ་གསར་བ་འབྲི་བར་བརྩོན་རྒྱུ་ཡིན”ཟེར།
ལྷ་མོ་འཚོས་རྩོམ་སྒྲིག་བྱས།