སུམ་མདོ་ས་ཆའི་འཚོ་བ་བདེ་ཞིང་སྐྱིད།
2025.04.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་ལམ། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཡུལ་ཚོ་རྟ་ར་སྡེ་བར་སོང་བ་ན། ཡུལ་དེའི་མཐའ་བཞི་ནགས་རིས་བསྐོར་ཞིང་ནམ་ཟླ་དྲོ་ཞིང་འཇམ་ལ། ཆུ་མོ་ལྷུང་ལྷུང་དུ་བཞུར་བ་དང་། རྒྱ་བོད་ཧོར་གསུམ་གྱི་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་ཡོད་པས། ཡུལ་མི་རྣམས་ཀྱིས་དེར“ཅང་ནན་ཆུང་བའི་སུམ་མདོ”ཞེས་འབོད།

སྔོན་ཆད་ཀྱི“ཅང་ནན་ཆུང་བའི་སུམ་མདོ”ནི་དབུལ་ནག་སྡེ་བ་ཞིག་ཡིན་ལ། འགྲོ་སའི་ལམ་མི་བདེ་བ་དང་བཏུང་བྱའི་ཆུ་དཀོན་པ། ཞོར་ལས་སུ་འགྲོ་དཀའ་བ། ཡོང་སྒོ་མི་མཐོ་བ་བཅས་ནི་ཁྱིམ་ཚང་ཡོད་དོ་ཅོག་འཕྲད་པའི་ཐུན་མོང་གི་དཀའ་སྡུག་རེད།

“ལོ་བཅུའི་སྔོན་ལ་མཚོན་ནས་བཤད་ན། དགུན་ཁར་སྡེ་བ་ཁ་ཤས་སུ་རྒྱུན་དུ་ཆུ་ཆད་ནས་འཐུང་ཆུ་མེད་པ་དང་། སྡེ་བའི་ནང་གི་སྒོག་མྱུག་ལའང་ཆུ་གཏོང་རྒྱུ་མེད”ཅེས་རྟ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་སྒྲོལ་མས་ཕྱིར་དྲན་བྱས་ཏེ་དེ་ལྟར་བཤད། ལོ་མང་པོའི་རིང་ལ་རྟ་ར་སྡེ་བས་ཡོད་ཚད་ནམ་ཟླར་བརྟེན་ཡོད་པ་དང་། སྡེ་བའི་ནང་གི་རྨོ་ཞིང60%ཡི་སྟེང་དུ་སྒོག་མྱུག་དང་སྒོག་པ་བཏབ་ཡོད་པས། གལ་ཏེ་ཆུ་གཏོང་མ་ཐུབ་ཚེ། སྒོག་མྱུག་དང་སྒོག་པ་སྐྱེ་དཀའ་བས་ཚང་མའི་ཡོང་སྒོ་འཕར་བར་ཤུགས་རྐྱེན་ཐེབས་སྲིད།

“སྟབས་ལེགས་པ་ཞིག་ལ། ལོ་འགའི་སྔོན་ལ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མངགས་ཡོང་བའི་སྡེ་སྡོད་བྱ་བའི་རུ་ཁག་གི་རོགས་སྐྱོར་འོག རྟ་ར་སྡེ་བས་ཆུ་རྐ་སྤྱི་ལེ3ལས་པ་དང་། དེའི་སྟེང་རང་འབབ་ཆུའི་ཆུ་འདོན་གནས3བཀོད་སྒྲིག་བྱས་པས། མཐའ་མར་ཆུའི་གནད་དོན་ཐག་གིས་བཅད་སོང”ཞེས་ཞུས་སྒྲོལ་མས་དེ་ལྟར་བཤད།

ཞུས་སྒྲོལ་མས་གསར་འགོད་པ་ཁྲིད་དེ་སྡེ་མི་ཝུའུ་ཁྲིན་ཆོན་ཚང་དུ་སོང་། རང་འབབ་ཆུའི་ཆུ་སྒོ་ཕྱེས་པ་ན་ཆུ་དྭངས་མོ་ལྷོག་ལྷོག་ཏུ་ཐོན་པས་ཝུའུ་ཁྲིན་ཆོན་གྱི་གདོང་ལ་འཛུམ་རྒྱ་ལྷུག་པོར་གྲོལ།

གདོང་ལ་འཛུམ་རྒྱ་ལྷུག་པོར་གྲོལ་བའི་སྐྱེས་པ་འདི་སྔོན་ཆད་འཚོ་བའི་འགན་འཁྲི་ལྕི་མོའི་འོག་སེམས་ཕམ་མྱོང་།

སྡེ་སྡོད་ཧྲུའུ་ཅི་དང་པོ་ལིའུ་ཡུས་ཀྱིས“ཝུའུ་ཁྲིན་ཆོན་ཚང་ལ་ལོ་ན70ལ་སོན་པའི་ཕ་རྒན་དང་ལས་རིགས་སློབ་གྲྭར་འགྲིམ་པའི་བུ་ཕྲུག་ཡོད། སྟབས་མ་ལེགས་པར2023ལོར་ཝུའུ་ཁྲིན་ཆོན་ལ་གློ་ནད་ལྕི་མོ་ཞིག་ཕོག་པས། ཁྱིམ་ཚང་འདིའི་རྩོལ་པོ་ཁོ་ནར་གྱུར་པའི་ཁོའི་ངལ་རྩོལ་ནུས་པ་ཡང་ཤོར། དེ་བས་བྱ་བའི་རུ་ཁག་གིས་དེ་མ་ཐག་ཏུ་ཁོ་ཚང་གི་དོན་དག་ཐག་གིས་བཅད་པ་སྟེ། ཁོ་ཚང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་གྲས་སུ་བཞག་ནས་ཆེས་དཀའ་སྡུག་གི་དུས་སྐབས་ལས་བརྒལ་དུ་བཅུག་པ་ཡིན”ཟེར།

“ཉེ་ལམ་ལུས་ཕུང་བདེ་མོ་ཡིན་ནམ། དཀའ་སྡུག་ཡོད་དམ། ང་ཚོས་ཁྱེད་ལ་རོགས་རམ་བྱེད་དགོས་པ་གང་ཡོད་དམ།”

བྱ་བའི་རུ་ཁག་གི་ཁོངས་མི་ཧུའུ་ཀོང་ཀྲུང་གིས་དེ་ལྟར་དྲིས་པ་ན། ཝུའུ་ཁྲིན་ཆོན་གྱིས་གོམ་པ་མདུན་དུ་སྤོས་ནས་ཧུའུ་ཀོང་ཀྲུང་གི་ལག་པར་འཇུས་ཤིང་སེམས་འགུལ་ཐེབས་ཏེ། “ང་ལ་ནད་ཕོག་པའི་ཚུན་དུ་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཁ་གསོས་པ་ཡིན། ང་སྨན་ཁང་དུ་སྡོད་བཅོས་བྱེད་པའི་སྐབས་སུ་ཁྱེད་ཚོའི་ལས་ཁུངས་ཀྱི་ཏང་ཡོན་ཚོ་རྒྱུན་དུ་ལྟ་རུ་ཡོང་ཞིང་སྐུལ་མ་བཏང་། དེ་ཡིས་ང་ལ་རོགས་སྐྱོར་ཆེན་པོ་ཐོབ། ད་ཁྱེད་ཚོར་དཀའ་ལས་མི་བཟོ”ཟེར།

ད་ལྟ། ཝུའུ་ཁྲིན་ཆོན་ལ་སེམས་ཁྲལ་ཅི་ཡང་མེད་ལ་ལུས་ཕུང་ཡང་རིམ་གྱིས་སོས་བཞིན་ཡོད། ཁོས་སྒོག་མྱུག་མུའུ་འགའ་དང་སྒོག་པ་མུའུ་འགའ་འདེབས་པ་དང་། ནོར་འགའ་དང་ཕག་འགའ་གསོས་ནས་འཚོ་བ་སྐྱིད་པོ་བདེ་མོ་ཞིག་རོལ་རྩིས་ཡོད།

ཞུས་སྒྲོལ་མས་བཤད་ན། ད་ལྟ་ཚང་མས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། སྡེ་མི་རྣམས་ལ་དཀའ་ཁག་ཅི་ཞིག་ཡོད་ནའང་འཁེན་ས་ཏང་དང་སྲིད་གཞུང་ཡོད་པ་དང་། ལྷག་པར་ཤར་ནུབ་རྒྱུད་མཉམ་ལས་དང་སྡེ་སྡོད་བྱ་བའི་རུ་ཁག དབུལ་ཐར་མཁྲེགས་གཏོར་བཅས་གྲོང་གསེབ་དར་སྤེལ་དང་ཕན་ལྡན་སྒོས་སྦྲེལ་བའི“སྲིད་ཇུས་བཟང་པོ”ཡོད་པས། ལོ་འདི་འགའི་རིང་ལ། རྟ་ར་སྡེ་བས་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་ཚུགས་ཤིང་འབད་པས་སྙེག་བརྒལ་བྱས་པ་དང་། སྒོག་པ་དང་སྒོག་མྱུག་སོགས་ཁྱད་ལྡན་འདེབས་འཛུགས་དང་བྱ་དེ་སོགས་ཁྱད་ལྡན་གསོ་སྤེལ་ལ་བརྟེན་ནས། སྡེ་མི་རྣམས་ཀྱི་ཡོང་སྒོ་རིམ་བཞིན་འཕར་ཞིང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་སྒོ2016ལོའི་སྒོར6000ནས་ད་ལྟའི་སྒོར15000ལ་འཕར་ཡོད།

དཔྱིད་ཀྱི་ཉི་འོད་འོག་ཏུ། གསར་འགོད་པ་ཏཱ་རེ་འབུམ་ཚང་དུ་སོང་། ཁོའི་ཆུང་མས་ར་སྐོར་ནང་དུ་ལྭ་བ་བཀྲུ་བཞིན་ཡོད་ལ། མཁའ་དབུགས་ཁྲོད་དུ་དྲི་མ་ཞིམ་པོ་ཞིག་ཐུལ་འདུག ཁང་པའི་ནང་དུ་ཐོན་མ་ཐག་མིག་ལམ་དུ་མངོན་པ་ནི་གྱང་ངོ་ཧྲིལ་པོར་སྦྱར་བའི་བྱ་དགའ་དེ་དག་རེད།

ང་ཚོ་ཧ་ལས་བཞིན་པ་ཁོས་ཤེས་སོང་བ་འདྲ། “བྱ་དགའ་འདི་དག་ནི་ངའི་བུ་མོ་གཉིས་ཀྱིས་བླངས་པ་རེད། མོ་གཉི་ཀ་སློབ་སྦྱོང་ལ་ཤིན་ཏུ་བཟང”ཞེས་སྤོབས་པ་དང་ལྡན་པའི་སྒོ་ནས་དེ་ལྟར་བཤད།

ཁ་བརྡའི་ཁྲོད་ཤེས་པ་ལྟར་ན། འདས་པའི་ལོ་འགའི་རིང་ལ་ཏཱ་རེ་འབུམ་གྱི་ཨ་ཞང་དང་ཨ་ནེ།  ཨ་ཁུ། ཆུང་མ་བཅས་ལ་གཅིག་རྗེས་གཉིས་མཐུད་དུ་ན་ཚ་བྱུང་བས་ཁྱིམ་ཚང་གི་སྒོར་མོ་ཚང་མ་བཀོལ་ཚར་བ་དང་། དེའི་ཁར་ཆུང་མ་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་། བུ་མོ་གཉི་ཀ་ད་དུང་སློབ་གྲྭར་འགྲོ་དགོས་པས། ཕྱི་རོལ་དུ་ཞོར་ལས་གཉེར་བཞིན་པའི་ཏཱ་རེ་འབུམ་གྱིས་བརྟན་འཇགས་ཀྱི་ཡོང་སྒོ་བསྐྱུར་ཏེ་ཕ་ཡུལ་དུ་ལོག་ནས་ཁྱིམ་མིར་བདག་སྐྱོང་མི་བྱེད་ཀ་མེད་བྱུང་། སྡེ་བས་ཀྱང་ཁོ་རང་མ་མཐའི་འགན་སྲུང་ཁྱིམ་ཚང་གི་གྲས་སུ་བཞག་ནས་དཀའ་ཁག་ལས་ཐར་བར་རོགས་རམ་བྱས།

ཕ་ཡུལ་དུ་ལོག་རྗེས། ཐག་རིང་དུ་འགྲོ་མི་ཐུབ་ནའང་ལས་ལ་བརྩོན་པ་ཆེ་བའི་ཏཱ་རེ་འབུམ་གྱིས་ཁྱིམ་མིར་བདག་སྐྱོང་བྱེད་ཞོར་ས་ཞིང་བཏབ་ཅིང་ནོར་འཚོས་པས་འཚོ་བ་རིམ་བཞིན་ཇེ་བཟང་དུ་གྱུར་པ་དང་། བཏབ་པའི་ས་ཞིང་ཡང་ལོ་རེར་ཇེ་ཆེ་དང་། བྱིས་པ་གཉིས་ཀྱི་སློབ་སྦྱོང་ཡང་ཉིན་རེར་ཇེ་བཟང་དུ་གྱུར།

“ཞིང་པ་ཞིག་ལ་མཚོན་ན་ཞིང་ལེགས་པོར་འདེབས་ཐུབ་པ་དེ་ནི་ཆེས་ལེགས་པའི་གྲུབ་འབྲས་ཡིན། ན་ནིང་ངས་སྒོག་པ་དང་སྒོག་མྱུག ཞོག་ཁོག གྲོ་སོགས་བསྡོམས་པས་མུའུ11བཏབ་པས། ལོ་གང་བོར་ཁོམ་པ་ཞིག་མ་བྱུང་།”

ཏཱ་རེ་འབུམ་གྱིས་མཛུབ་གུ་ནང་དུ་འགུག་ཞོར་བཤད་རྒྱུར། “ཟླ3པའི་ནང་སྒོག་པ་བཏབ་པ་དང་། དུར་མཆོད་དུས་ཆེན་གྱི་སྔོན་ཏག་ཏག་ལ་སྒོག་མྱུག་དང་གྲོ་བཏབ་པ་ཡིན་ལ། དུར་མཆོད་དུས་ཆེན་གྱི་གཞུག་ཏུ་ཞོག་ཁོག་དང་སྒོག་མྱུག་བཏབ་པ་ཡིན། ཟླ6པའི་ནང་ཡུག་པོ་འདེབས་དགོས། ཟླ10པའི་ནང་གྲོ་སྡུད་དགོས་པས་ལོ་གང་བོར་ཁོམ་པ་ཞིག་ཡོད་མི་སྲིད”ཟེར།

ད་ལྟ་ཏཱ་རེ་འབུམ་ཚང་ལ་ས་ཞིང་བཏབ་པ་དང་ནོར་འཚོས་པའི་ཡོང་སྒོ་སྒོར་ཁྲི4ལྷག་ཡོད། དེའི་ཁར་ཟླ་རེའི་མ་མཐའི་འགན་སྲུང་གི་ཡོང་སྒོ་སྒོར1000ལྷག་བསྣན་ན། འཚོ་བ་སྐྱིད་པོ་རོལ་ཐུབ། ད་ལྟ་ཁོས་བསམ་པ་ནི་བློ་གཅིག་སེམས་གཅིག་གིས་ས་ཞིང་ལེགས་པོར་འདེབས་པ་དང་ནོར་ལེགས་པོར་འཚོས་ནས། བྱིས་པ་གཉི་ཀར་སེམས་བདེ་མོའི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་དེ་རེད།

ཏཱ་རེ་འབུམ་གྱིས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡོད་པས། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། བྱིས་པ་གཉིས་ཀྱང་སློབ་སྦྱོང་ལ་བཟང་བས་ང་རང་སེམས་བདེ་ལ་བབས་ཡོད”ཟེར།

འགྲམ་དུ་ཡོད་པའི་ཞུས་སྒྲོལ་མས་དེར་མཐུད་ནས“ན་ནིང་སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་རེ་ཞུ་བྱས་པའི་འཆམ་མཐུན་མཛེས་པའི་གྲོང་གསེབ་དང་སྒོག་པའི་ཐོན་ལས་ཀྱི་ལས་གཞི་དེར་ཆོག་མཆན་ཐོབ་ཡོད། ཟླ་བ་རྗེས་མར་སྡེ་བའི་ནང་དུ་ལམ་གསར་པ་དང་གློག་སྒྲོན། ཆུ་རྐ་སོགས་ལས་རྒྱུ་ཡིན་ལ། སྒོག་འཁྲུད་འཕྲུལ་ཆས་ཀྱང་ཉོ་རྒྱུ་ཡིན་པས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་རྒྱུ་རེད”ཟེར།

ཚང་མས་རྗེས་ཕྱོགས་ཀྱི་འཚོ་བ་སྐྱིད་པོར་རེ་སྒུག་བྱེད་བཞིན་ཡོད་ལ། སྐྱིད་པའི་དགོད་སྒྲ་ར་སྐོར་རེ་རེའི་ནང་དུ་ཁྱབ་ཡོད། །

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།