ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་རྒྱམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བླ་ཤུལ་ཚེ་སྐྱབས་འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་ནང་དུ་ཐོན་པ་ན། འབྲི་སྟོད་རྫོང་མེ་ཏོག་གངས་ལྷ་ཤོག་ལས་ཚད་ཡོད་ཀུང་སིའི་ཕྱིར་འཚོང་ཚོམས་ཆེན་དུ་མི་ཚོགས་ལང་ལོང་དུ་འཁོར་ཞིང་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་ལྡིར་ལྡིར་དུ་གྲགས་པ་ཐོས་པས་དགའ་སྤྲོ་ཆེན་པོ་སྐྱེས།
སྔོན་ཆད་ལྷིང་འཇགས་སུ་ལུས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞིར་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་འབར་བས་བླ་ཤུལ་ཚེ་སྐྱབས་ཀྱིས་ཚོར་སྣང་ཟབ་མོའི་ངང་བཤད་རྒྱུར། “མེ་ཏོག་གངས་ལྷ་ཤོག་ལས་ཚད་ཡོད་ཀུང་སི་ནི་ཤོག་བུ་བཟོ་གྲྭ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་གཙང་ཤོག་དང་ཤོག་ཕོར་སོགས་ཤོག་བུའི་བཀོལ་ཆས་བཟོ་བའི་ཁེ་ལས་ཁོ་ན་ཡིན། ལོ་འགའི་སྔོན་ལ། ཁུལ་ཡོངས་སུ་འགྱིག་ཤོག་འགོག་པའི་ཆེད་དམིགས་བྱ་འགུལ་སྤེལ་བ་དང་མཉམ་དུ། ཤོག་བུ་བཟོ་གྲྭའི་ཚོང་ཡང་ཆེས་ལེགས་པའི་དུས་ལ་སླེབས། སྐབས་དེར་བཟོ་གྲྭའི་སྦྱིན་བདག་ལ་དོན་དག་བྱུང་སྟེ་མུ་མཐུད་དུ་གཉེར་མ་ཐུབ། བཟོ་གྲྭ་གཞན་ལ་འཚོང་རྩིས་ཡོད་པའི་གནས་ཚུལ་དེ་ཤེས་མ་ཐག ‘སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས’ཀྱིས་ཚོགས་འདུ་འཚོགས། རྒྱམ་ཆེན་སྡེ་བ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་པས་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་ལས་གཞི་ཅུང་སྣ་རྐྱང་ཡིན་ལ་ད་རག་བར་དུ་ལས་གཞི་བཟང་པོ་ཞིག་ལ་འཇུ་མ་ཐུབ། ཚང་མའི་སེམས་ལ་ཤོག་བུ་བཟོ་གྲྭའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པས་རྒྱམ་ཆེན་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འགག་སྒོ་གསར་པ་ཞིག་ཏུ་བརྩི་ཆོག་པར་འདོད།”
དེ་ལྟར་བླ་ཤུལ་ཚེ་སྐྱབས་ཀྱིས་མི་ཁྲིད་དེ་ཤོག་བུ་བཟོ་གྲྭའི་སྦྱིན་བདག་འཚོལ་དུ་སོང་། རྫོང་ཐོག་གི་དབུལ་སྐྱོར་ལས་གཞིའི་མ་དངུལ་སྒོར་འབུམ་ལྔ་ཡི་ཁར་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ་གྲབས་གསོག་བྱས་ཏེ། བསྡོམས་པས་སྒོར་འབུམ་བདུན་དང་ཁྲི་ལྔ་བཀོལ་ནས་ཤོག་བུ་བཟོ་གྲྭ་དེ་ཉོས།
དགའ་ནས་ཅུང་མ་འགོར་བར་རྒྱུ་ཆ་ནང་འདྲེན་གྱི་ཕྱོགས་དང་ཕྱིར་འཚོང་གི་ཕྱོགས། དྲིལ་སྒྲོག་གི་ཕྱོགས་སོགས་ལ་གནད་དོན་རབ་དང་རིམ་པ་བྱུང་སྟེ་བླ་ཤུལ་ཚེ་སྐྱབས་ཡང་བསྐྱར་དཀའ་སྡུག་གི་གནས་སུ་ལྷུང་། “ཚོང་གཉེར་རྒྱུ་ནི་ང་ཚོའི་སེམས་ལ་དྲན་པ་ལྟ་བུའི་སླ་མོ་ཞིག་མིན་པས། ང་ཚོས་ཚོད་ལྟའི་ཚུལ་དུ་གཉེར་བ་ཡིན། སྔོན་ཆད་ཀྱི་སྦྱིན་བདག་གིས་ང་ཚོར་རྨང་གཞི་ཅུང་ཙམ་བཏིངས་ཡོད་རུང་། ལས་རིགས་ལ་ཆ་རྒྱུས་མེད་པའི་ང་ཚོར་མཚོན་ན་ཧ་ཅང་དཀའ་མོ་ཞིག་རེད”ཟེར།
ཤོག་བུ་བཟོ་གྲྭ་དེ་དེ་ལྟར་དུས་ཡུན་ངེས་ཅན་ཞིག་ལ་གཉེར་རྗེས་མཐའ་མར་སྒྲིག་ཆས་ལ་བགེགས་བྱུང་བར་རྐྱེན་བྱས་ཏེ་གཉེར་མཚམས་མི་འཇོག་ཐབས་མེད་བྱུང་།
བཟོ་གྲྭ་སྒོ་རྒྱག་པའི་ཉིན་དེར་བླ་ཤུལ་ཚེ་སྐྱབས་སེམས་སྡུག་གི་རྒྱ་མཚོར་ལྷུང་། ཁོས་ཕྱིར་དྲན་བྱེད་ཞོར“སྐབས་དེར་ང་ཚོ་ལས་གཞི་འདིར་ཡིད་ཆེས་ཀྱིས་བརྟས་ཡོད་པས། ཚང་མས་ཀྱང་ནུས་ཤུགས་གང་ཡོད་བཏོན་མོད། འོན་ཀྱང་སྒྲིག་ཆས་ཞིག་གསོ་བྱེད་པར་སྒོར་མོ་མང་པོ་མཁོ་བ་དང་སྐབས་དེའི་ཡོང་སྒོས་ལས་བཟོ་པའི་གླ་ཕོགས་དང་གློག་རིན་མ་གཏོགས་མི་འདང”ཟེར།
དེ་ལྟར་ཤོག་བུ་བཟོ་གྲྭ་ལོ་གཅིག་ཙམ་གྱི་རིང་ལ་སྒོ་བརྒྱབ་པས་བླ་ཤུལ་ཚེ་སྐྱབས་ཀྱི་སེམས་ལ་འཚུབ་ཆ་ལངས།
2024ལོའི་དགུན་ཁའི་མཚན་མོ་ཞིག་ལ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གཞུང་སྒྲུབ་ཁང་གི་གློག་ཁྲ་ལམ་མེར་བཀར་ཡོད། བླ་ཤུལ་ཚེ་སྐྱབས་ཀྱིས་ཁང་པའི་གྲུ་ག་ཞིག་ཏུ་འཕངས་ཡོད་པའི་རྩིས་ཐོ་དེར་ལྟ་ཞོར་དུ“ཤོག་བུ་བཟོ་གྲྭར་ང་ཚོས་སྒོར་མོ་དེ་འདྲ་མང་པོ་བཏང་ཞིང་རྔུལ་ཆུའང་བཏོན་ཡོད་པས་འདི་ལྟར་བེད་མེད་དུ་བསྐྱུར་མི་རུང་། འདི་ནི་ཐོན་ཁུངས་བཟང་པོ་ཞིག་ཡིན་པས་ང་ཚོས་ངེས་པར་གཉེར་ཐབས་བྱེད་དགོས། མུ་མཐུད་དུ་འདི་ལྟར་བསྒུགས་ཚེ་ཚང་མ་བརླག་འགྲོ་བ་རེད”ཅེས་བཤད།
“རེད་ལགས་ཧྲུའུ་ཅི། ཐོན་ལས་འདི་འབད་པས་སྒྲུབ་ཚེ་རང་རེའི་སྡེ་བའི་ཐུན་མོང་དཔལ་འབྱོར་རིམ་པ་གཅིག་འཕར་ཐུབ་ཁོ་ཐག་རེད་མོད། འོན་ཀྱང་ང་ཚོར་སྒྲིག་ཆས་ཞིག་གསོ་བྱེད་སྤྱད་ཀྱི་སྒོར་མོ་མེད་ལ། ཞིག་གསོ་བྱས་རྗེས་བཟོ་གྲྭ་གཉེར་སྐྱོང་བྱེད་མཁན་གྱི་འཇོན་མིའང་མེད།”
“ཐབས་ཤེས་ནམ་ཡང་དཀའ་སྡུག་ལས་མང་ཟེར་བ་མ་ཡིན་ནམ། དེ་རིང་ཚང་མ་འབོད་དོན་ནི་ཐབས་ཤེས་འདོན་དུ་འཇུག་བསམ་པ་ལས་དཀའ་སྡུག་བཤད་དུ་འཇུག་ཆེད་མིན”ཞེས་བླ་ཤུལ་ཚེ་སྐྱབས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་དེ་ལྟར་བཤད།
“ལས་རིགས་འདིར་རྒྱུས་མངའ་ཡོད་པའི་མི་ཞིག་བཙལ་ནས་འཕྲུལ་འཁོར་འཁོར་དུ་འཇུག་དགོས།”རྒྱམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཤག་ཤུལ་དཔལ་ལྡན་གྱིས“ངས་གོ་ཐོས་ལྟར་ན་རྫོང་ཐོག་གི་ཕ་ཡུལ་ཤུལ་སྤྱི་གཉེར་ཁང་གིས་འབྲོག་པ་རྣམས་ལ་གསོ་སྦྱོང་བྱེད་བཞིན་འདུག་ཟེར། ང་ཚོས་ཀྱང་དེར་ཚོད་ལྟ་ཞིག་བྱས་ན་ཆོག་གམ”ཟེར།
དགོང་མོ་དེར་ཚང་མས་བསམ་འཆར་མང་པོ་བཤད་པས། བཟོ་གྲྭ་ངེས་པར་གཉེར་ཐབས་བྱས་ཏེ་རྒྱལ་ཁབ་ཀྱི་སྒོར་མོ་ཆུད་ཟོས་སུ་གཏོང་མི་རུང་བར་བསམ་ནས་བླ་ཤུལ་ཚེ་སྐྱབས་ཀྱིས་རང་ཉིད་ཀྱི་ཆོད་སེམས་ཇེ་བརྟན་དུ་བཏང་།
ཉིན་གཉིས་པར་བླ་ཤུལ་ཚེ་སྐྱབས་ཀྱིས་ཚན་ཁག་གི་ཁོངས་མི་རྣམས་ཁྲིད་དེ་ཕ་ཡུལ་ཤུལ་སྤྱི་གཉེར་ཁང་དུ་སོང་། སྤྱི་ཁྱབ་ཚོང་གཉེར་པ་བསོད་བྷ་ཚེ་རིང་ནི་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ཕོ་རྒོད་ཅིག་རེད། ཁོས་ཤོག་བུ་བཟོ་གྲྭའི་གནས་ཚུལ་དེ་ཤེས་རྗེས་དགའ་སྤྲོའི་ངང“ཧྲུའུ་ཅི་ལགས། སྡེ་བ་དང་ཁེ་ལས་མཉམ་ལས་བྱེད་རྒྱུ་ནི་དྲན་ཕྱོགས་ཧ་ཅང་ལེགས་པོ་ཞིག་རེད། ངས་ནམ་ཡང་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་ཤིག་འབུལ་བསམ་ཡོད། ངས་བལྟས་ན་ཤོག་བུ་བཟོ་གྲྭར་འཕེལ་རྒྱས་ཀྱི་སྦས་ཤུགས་ཡོད། ཁྱེད་ཚོར་ཐོན་ཁུངས་ཡོད་ལ་ང་ཚོར་ལག་རྩལ་ཡོད་པས། ང་ཚོས་ལག་གདང་སྦྲེལ་ནས་ཐོན་ལས་འདི་གཉེར་ཆོག”ཟེར།
བགྲོ་གླེང་ཞིབ་མོ་བྱས་པ་བརྒྱུད་དེ་ཕྱོགས་གཉིས་ཀས་མཉམ་དུ་འབྲི་སྟོད་རྫོང་རྒྱམ་ཆེན་སྡེ་བའི་གངས་ལྷ་མེ་ཏོག་ཤོག་ལས་ཚད་ཡོད་ཀུང་སི་གཉེར་རྒྱུ་འཐད་པ་བྱུང་།
དོ་དམ་དང་གཉེར་སྐྱོང་གི་དཀའ་སྡུག་ཐག་བཅད་རྗེས། བླ་ཤུལ་ཚེ་སྐྱབས་ཀྱིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས” ཀྱི་ཚན་ཁག་གི་ཁོངས་མི་རྣམས་ཁྲིད་དེ་མ་དངུལ་འཚོལ་དུ་སོང་། བརྩོན་པ་ཅན་གྱིས་དོན་བྱ་འགྲུབ་ཟེར་བ་ལྟར། མཐའ་མར་སྲིད་གཞུང་གིས་ཁོ་ཚོར་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་ས་ཡ་གཅིག་གིས་རྒྱབ་སྐྱོར་བྱས། དེ་ལྟར་ཚང་མའི་འབད་བརྩོན་འོག 2025ལོའི་ཟླ3པའི་ཚེས23ཉིན། གངས་ལྷ་མེ་ཏོག་ཤོག་ལས་ཚད་ཡོད་ཀུང་སི་ཡང་བསྐྱར་གཉེར་མགོ་བརྩམས།
གྲག་མེད་འགུལ་མེད་དུ་ལུས་ཡོད་པའི་བཟོ་གྲྭ་དེའི་ནང་དུ་ད་ལྟ་ཡང་བསྐྱར་འཕྲུལ་འཁོར་གྱི་ལྡིར་སྒྲ་ཆད་མེད་དུ་གྲགས་པ་དང་། ཕ་ཡུལ་ཤུལ་སྤྱི་གཉེར་ཁང་གི་ལག་རྩལ་པས་རྒྱམ་ཆེན་སྡེ་བའི་འབྲོག་མི་རྣམས་ལ་ལག་རྩལ་འཁྲིད་ཀྱིན་འདུག
སྤྱི་ཁྱབ་ཚོང་གཉེར་པ་བསོད་བྷ་ཚེ་རིང་གིས“ང་ཚོས་སྔོན་ཆད་ཀྱི་སྒྲིག་ཆས་རྙིང་པ་དེ་ཞིག་གསོ་བྱས་པར་མ་ཟད། སྒྲིག་ཆས་གསར་པ་འགའ་ཉོས་ཏེ་ཐོན་རྫས་ཀྱི་སྣ་ཁ་ཇེ་མང་དུ་བཏང་ཡོད། འདི་ལྟར་བྱས་ན་ཚོང་རའི་ནང་ད་གཟོད་འགྲན་རྩོད་ནུས་པ་ཡོད། མིག་སྔར་སྒོར་འབུམ་གཉིས་ཀྱི་མངགས་ཐོ་འབྱོར་ཡོད་ལ། དུས་མཚུངས་སུ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ཏེ་སྡེ་བར་ལས་རྐང་ལྔ་འདོན་སྤྲོད་བྱས་ཏེ་ཁོ་ཚོའི་ཡོང་སྒོ་ཇེ་མང་དུ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད”ཟེར།
མཁར་སྐྱབས་རྡོ་རྗེ་ནི་དེའི་ཁྲོད་ཀྱི་གཅིག་རེད། ཁོས“ང་ནི་དབུལ་ཕོངས་ཁྱིམ་ཚང་གི་ཡིན། ལོ་འདི་གར་ཁྱིམ་ཚང་གི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། ད་ལྟ་འདི་ནས་ལས་ཚོགས་སུ་ཞུགས་ན་ལག་རྩལ་གསར་པ་སློབ་ཐུབ་པར་མ་ཟད། ཟླ་རེར་སྒོར2000རེའི་གཏན་འཇགས་ཡོང་སྒོ་ཡོད”ཟེར།
“སྡེ་བ་དང་ཁེ་ལས་ཀྱིས་མཉམ་ལས”བྱས་པའི་རྣམ་པ་དེ་རྒྱམ་ཆེན་སྡེ་བ་ནས་ཐོག་མར་ལེགས་འགྲུབ་བྱུང་བས། མཉམ་ལས་ཀྱི་བགྲོད་ལམ་འདིའི་སྟེང་དུ། གྲོང་གསེབ་དར་སྤེལ་གྱི་འདུན་པ་རེ་རེ་བཞིན་མངོན་འགྱུར་འབྱུང་གིན་འདུག
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།