​ཡག་མོ་སྡེ་བའི་ཕྱུག་བསྒྱུར་གྱི་མན་ངག
2025.05.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས16ཉིན་གྱི་ཞོགས་པའི་ཉི་ཟེར་གྱིས་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་ནམ་མཁའི་སྨུག་རིམ་བརྟོལ་ནས་བསྣོལ་མར་ཆགས་པའི་ལྡིང་ཁང་དབྱིབས་ཀྱི་ཚོང་ཁང་སྟེང་འཕྲོས་འདུག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་འཁྱིལ་ཡུལ་ཚོ་ཡག་མོ་སྡེ་བའི་སྡེ་མི་ཚེ་མོས་ལས་ནས་འགྲུབ་མ་ཐག་གི་བཞོ་གཟུང་དག་ཚོང་ཁང་དུ་སྒྲིག་བཞིན་མཆིས།  དེ་དང་ཉེ་ས་ན། མོའི་སྐྱེས་པ་ལྷ་སྐྱབས་དགྲ་འདུལ་གྱིས་ཁོ་ཚང་གིས་བཏུལ་བའི་རྟ་རྐྱང་རྐྱང་དེ་ཁྲིད་ནས་སྐྱེ་ཁམས་རྒྱུག་ལམ་ཕྱོགས་སུ་འགྲོ་བཞིན་ཡོད།

ལོ་གསུམ་གྱི་སྔོན་དུ། དེ་ནི་སྲོལ་རྒྱུན་གྱི་འབྲོག་སྡེ་ཁོ་ཐག་ཅིག་ཡིན་རུང་། ད་ལྟ་དྲ་གྲགས་ལྗོངས་ཁུལ་ཏེ“ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ”ལ་བརྟེན་ནས་སྡེ་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2023ལོའི་ཚུན་དུ། ཏང་འཛུགས་དང་སྐྱེ་ཁམས། ཡུལ་སྐོར་དང་རིག་གནས་མཉམ་འདྲེས་ཀྱི་འཚོལ་ཞིབ་བྱེད་སྟངས་བརྒྱུད་ནས། ཡག་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ས་ཡ་གཅིག་ལས་བརྒལ་བ་དང་། ཁྱིམ་ཚང་བཞི་བཅུ་ལྷག་གི་སྡེ་མིའི་ལོ་རེའི་ས་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལ་སླེབས་ཤིང་། ཁྱད་ཆོས་མངོན་པར་གསལ་བའི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་དུ་བསྐྱོད།

ཁྱོན་འཁྱིལ་ཡུལ་ཚོ་ཡག་མོ་སྡེ་བའི་སྡེ་མི་ཤེས་རབ་སྐྱིད་ཀྱི་ཚོང་ཁང་དུ་སོང་བ་ན། མོས་ཡུལ་སྐོར་པས་གཏེར་བུམ་དང་ཁོར་སྲུང་ཉ་ཟན། ལག་འཐག་ཐོན་རྫས་འདེམས་བཞིན་པར་ལྟ་ཞོར་དུ་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ངེད་ཚང་གིས་གསེར་གཞོང་ལྟ་བུའི་ཚོང་ཁང་འདི་ཕྱེ་བ་ཡིན། ན་ནིང་ཟླ་གསུམ་གྱི་རིང་ལ་ཚོང་གཉེར་བྱས་པར་སྒོར་ཁྲི་ལྔ་བཙལ་ཐུབ་བྱུང་ཟེར། མོས་སྐད་ཆ་བཤད་ནས་ཚར་དབང་མེད་པར་གྲོང་ཁྱེར་ནས་ཐོན་པའི་ཡུལ་སྐོར་པ་དེས་ཁ་པར་བླངས་ནས་སྒོར་མོ་སྤྲད་སོང་། ལྷ་སྐྱབས་དགྲ་འདུལ་ཚང་ལ་ཡང་ཡོང་སྒོ་ཞིག་ཐོབ་བྱུང་། 

ཞོགས་པའི་ཉི་ཟེར་འོག་ཏུ་ལྷ་སྐྱབས་དགྲ་འདུལ་གྱིས“སྐྱེ་ཁམས”རྟ་རྒྱུག་བགྲོད་ལམ་གྱི་འགྲམ་དུ་རྟ་སྒའི་སྟེང་གི་རྒྱན་ཆ་ཕྱི་བཞིན་ཡོད།  ཁོས་བཤད་རྒྱུར“སྔོན་ཆད་རྟ་གསོ་དོན་ནི་ཁལ་འགེལ་བའི་ཆེད་ཡིན། ད་ལྟ་རྟ་རེ་རེ་གསེར་ལོག་རེ་རེར་གྱུར་ཡོད”ཟེར།  ལྗོངས་ཁུལ་བཙུགས་པའི་ཚུན་དུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་འོག ཁོ་ཚང་གིས་སྡེ་དམངས་ཚོགས་ཆེན་སྟེང་ཚོང་ཁང་ཞིག་བརྩོན་ལེན་བྱས་པར་མ་ཟད། རྟ་ཞོན་ནས་པར་ལེན་པའི་ཚོང་ལས་ཀྱང་གཉེར་བཞིན་ཡོད།

“རང་བྱུང་ཁམས་ཀྱི་གནང་སྦྱིན་ལོངས་སུ་སྤྱོད་པ་དེ་ནི་འབྲུ་མར་ལོངས་སུ་སྤྱོད་པ་དང་མཚུངས་པས། ཅི་ཞིག་ལས་ནའང་ཕྱི་འདང་རྒྱག་དགོས”ཞེས་ལྷ་སྐྱབས་དགྲ་འདུལ་གྱིས་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་པའི་གནས་ལུགས་ཟབ་མོ་བརྗོད། དུས་མཚུངས་སུ། གུང་ཁྲན་ཏང་ཡོན་ཡིན་པའི་ཁོས་ཏང་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བའི་རྟ་ཁྲིད་རུ་ཁག་རྩ་འཛུགས་བྱས་ནས“སྐྱེ་ཁམས”རྒྱུག་ལམ་ཞིག་བཙུགས་པ་དང་། སྡེ་མི་རྣམས་ལ་ཡོང་སྒོ་བཙལ་ཞོར་དུ་རྗེས་རབས་པའི“སྐྱེ་ཁམས་ལྡུམ་ར”ལེགས་པོར་བསྲུང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད།

བྱ་བ་གང་བསྒྲུབས་ནའང་འདོད་ཐོག་ཏུ་རྟ་རྒྱུག་པ་ཞིག་ཡོང་མི་སྲིད། ལྷ་སྐྱབས་དགྲ་འདུལ་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། 2023ལོར་ཡུལ་སྐོར་དུ་ཐོན་པའི་མི་གྲངས་ཆེས་ཆེར་འཕར་བས་ག་ས་གང་དུ་གད་སྙིགས་ཀྱིས་ཁེངས་པའི་སྣང་ཚུལ་བྱུང་། ཁྱོན་འཁྱིལ་ཡུལ་ཚོས་ཡུལ་ཚོ་རིམ་པའི་ཡུལ་ཚོའི་གཞུང་ལམ་གཙོ་བོ་སྤྱི་ལེ་གཅིག་དང་ཡུལ་ཚོའི་ལས་བྱེད་པ་གཅིག སྡེ་བ་རིམ་པའི་ཏང་ཡོན་གཅིག སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་གཅིག་བཅས་ཀྱི་སྐྱེ་ཁམས་གཙང་སྦྲ་བྱེད་སྟངས་ལ་བརྟེན་ནས་ཡག་མོ་སྡེ་བའི་བསྟུད་མར་འཕེལ་ཐུབ་པའི་ལས་གཞིར་འགན་སྲུང་བྱས།

ཡག་མོ་སྡེ་བའི་སྡེ་མི་སྟག་མོ་སྐྱིད་ཀྱིས“ཁྱེད་བདེ་མོ་ཡིན་ནམ། འདི་ནི་སྤ་སེ་འཚོང་ས་རེད”ཅེས་ཡུལ་སྐོར་པར་ལམ་སྟོན་བཞིན་འདུག  ལས་སྒུག་སློབ་ཆེན་པ་སྟག་མོ་སྐྱིད་ཀྱིས་སྡེ་བས་མཁོ་འདོན་བྱས་པའི་གོ་སྐབས་དམ་འཛིན་བྱས་པས་ལྗོངས་ཁུལ་གྱི་སྤ་སེ་འཚོང་མཁན་དུ་གྱུར་ཡོད། སྡེ་བས་མོའི་ལས་ཞུགས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། ཁོ་མོ་ཚང་ལ་གཏན་འཇགས་ཀྱི་ཡོང་སྒོ་ཞིག་ཀྱང་བསྐྲུན་ཡོད།

སྔོན་ཆད་ཕྱུགས་འཚོས་ན་ཡོང་སྒོ་སྣ་རྐྱང་ཡིན་པས་འབྲོག་མིའི་ཡོང་སྒོ་འཕར་རྒྱུ་ཧ་ཅང་དཀའ་བར་སྣང་།  འོན་ཀྱང་ཏང་འཛུགས་དང་ལས་ཞུགས། འབབ་འཕར་བཅས་ཀྱི་བྱེད་སྟངས་དེས་ཡོང་སྒོ་འཕར་ཐབས་བྲལ་བའི་གནད་དོན་ཐག་བཅད། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་བཙུགས་པའི་ཚུན་དུ། ཁྱོན་འཁྱིལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སེམས་བསམ་པས་ལེགས་སྒྲིག་དང་དྲོད་ཁོལ་སྦྱིན་པའི་བྱེད་ཐབས་སྤྱད་པ་དང་། ཡག་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་རྩ་འཛུགས་བྱས་ཏེ།  སྡེ་བའི་ཐུན་མོང་གི་རྩྭ་ས་སྤྱི་ཆིང་བཅུ་གསུམ་དང་གྲངས་ཆུང་གསུམ་ཡས་མས་འབྲོག་མིར་བཀོད་སྒྲིག་བྱས་པ་བརྒྱུད། རྐང་ཚ་རྫོང་ལྷ་མོ་མཚོ་ཁུགས་ཡུལ་སྐོར་དངུལ་གཏོང་གསར་སྤེལ་གཉེར་སྐྱོང་ཚད་ཡོད་ཀུང་སིར་མ་རྐང་བཞག་ནས་ཁེ་སྤོགས་བགོས། བྱེད་ཐབས་དེས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་སྤེལ་གྱི་ཐབས་ལམ་རྒྱ་བསྐྱེད་པར་མ་ཟད། འབྲོག་ཁྱིམ་དྲུག་ཅུ་ལྷག་གི་ཕྱུག་འགྱུར་འབབ་འཕར་ལ་སྣེ་ཁྲིད་པ་དང་། སྡེ་མི་བརྒྱ་ལྷག་སྤ་སེ་འཚོང་མཁན་དང་གཙང་སྦྲ་བྱེད་མཁན་སོགས་གཏན་འཇགས་ལས་རྐང་དུ་ལས་ཀར་ཞུགས་སུ་བཅུག་པས། མི་རེའི་ཟླ་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གསུམ་དང་ལྔ་བརྒྱ་ཡས་མས་སུ་སླེབས་ཡོད།

ད་ལྟའི་ཡག་མོ་སྡེ་བ་རུ། ན་གཞོན་པ་ཕ་ཡུལ་དུ་ལོག་ཚད་བརྒྱ་ཆའི་བཅུ་གཉིས་ནས་བརྒྱ་ཆའི་ཞེ་གཉིས་སུ་འཕར་བ་དང་། བོད་ཀྱི་འགྲུལ་ཁང་གཉིས་ཕྱེ་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་འཚོ་བའི་ཉམས་ལེན་རིགས་ཀྱི་ལས་རྣམ་གསར་པ་མི་ཉུང་བ་ཞིག་གསར་སྤེལ་བྱས་ཡོད། སྲོལ་རྒྱུན་ཕྱུགས་ལས་གཙོ་བོ་ཡིན་པ་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བའི་བར་ཡག་མོ་སྡེ་བས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་རིག་གནས་དང་སྐྱེ་ཁམས་ཀྱི་འཁོར་ཟུང་གི་སྒུལ་ཤུགས་བསྐྲུན་པའི་གྲོང་གསེབ་དར་སྤེལ་གྱི་མཛེས་རིས་གསར་པ་འབྲི་བཞིན་ཡོད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།