ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རྒྱལ་བོ་ཡུལ་ཚོ་སྔོ་མོ་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་མཛོ་མོ་གསོ་སྤེལ་རྟེན་གཞི་རུ་ཤ་ཤེད་རབ་ཏུ་རྒྱས་པའི་ཅོན་ཧྲན་མཛོ་མོ་ཞིག་གིས་རྟོལ་ཕྲུག་སྙིང་རྗེ་བོ་ཞིག་རྩེབས། མཛོ་མོས་རྩེབས་མ་ཐག་པའི་རྟོལ་ཕྲུག་དེར་མཚམས་མ་ཆད་པར་ལྡག་པ་དང་། གསོ་སྤེལ་རྟེན་གཞི་རུ་རྟོལ་ཕྲུག་རྩེབས་པའི་དགའ་སྤྲོས་ཁེངས་འདུག
མཉམ་ལས་ཁང་གི་འགན་འཁུར་པ་འཇམ་དབྱངས་དོན་འགྲུབ་ཀྱིས“མཛོ་མོས་རྟོལ་ཕྲུག་རྩེབས་རྗེས། རྟོལ་ཕྲུག་ལ་མྱུར་མོར་བདག་སྐྱོང་བྱེད་དགོས”ཞེས་གསོ་སྤེལ་གྱི་ཞིབ་ཚགས་བྱ་བའི་སྐོར་མཚམས་སྦྱོར་བྱས། “རྟོལ་ཕྲུག་རྩེབས་མ་ཐག་ཏུ་མཛོ་མོར་རྩྭ་གསེར་ཆེན་དང་ཡུག་པོ་སོགས་སྤུས་ལེགས་གཟན་རྩྭ་བྱིན་ནས། མཛོ་མོའི་ཤེད་ལྷུང་དུ་འཇུག་མི་རུང་། རྩེབས་མ་ཐག་གི་རྟོལ་ཕྲུག་ཉམ་ཐག་ཡིན་པས་དེ་གྲང་དུ་མི་འཇུག་པའི་ཆེད་དུ་དྲོད་ཁོལ་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས”ཟེར།
འཇམ་དབྱངས་དོན་འགྲུབ་ཀྱིས་སྔོན་ཆད་ཀྱི་གསོ་སྤེལ་ཐད་ཀྱི་དཀའ་སྡུག་ལ་ཕྱིར་དྲན་བྱས་ནས་བཤད་རྒྱུར། “2021ལོའི་ཡར་སྔོན་དུ། ང་ཚོས་གཙོ་བོ་ནོར་གནག་འགའ་འཚོས་མོད། འོན་ཀྱང་གཞི་ཁྱོན་ཆུང་ལ་ཚོང་ཁྲོམ་གྱི་འགྲན་རྩོད་ནུས་པ་ཞན་པ་དང་། དེའི་ཁར་རང་ཡུལ་གྱི་ནོར་རྒྱུད་ཞན་འགྱུར་གྱི་གནད་དོན་ཚབས་ཆེ་བ་དང་། ལུས་ཕུང་ཆུང་ལ་འོ་མ་ཉུང་ཞིང་གསོ་ཡུན་རིང་བ་སོགས་ཀྱི་ཞན་ཆ་ཡོད”ཟེར། སྐབས་དེར་ནོར་གནག་གསོ་སྤེལ་གྱི་ཕན་འབྲས་ཉུང་བ་དེ་རོང་འབྲོག་པའི་ཡོང་འབབ་འཕར་བའི་གེགས་སུ་གྱུར་ཡོད།
གོ་སྐབས་ནི་ཐུན་རིན་གྲོང་ཁྱེར་གྱི་རི་ཆུའི་གསེབ་ཏུ་སྦས་ཡོད་པ་སྟེ། ཡུལ་དེའི་མཚོ་འཕང་ལྟོས་བཅས་ཀྱིས་དམའ་ཞིང་ནམ་ཟླ་དྲོ་ཞིང་འཇམ། མུ་མཐའ་བྲལ་བའི་སྤང་ཐང་དུ་རྩྭ་གསེར་ཆེན་དང་ཡུག་པོ་སོགས་ཀྱི་སྤུས་ལེགས་གཟན་རྩྭ་གང་སར་སྐྱེས་ཡོད་པ་མཐོང་ལ། དེ་ནི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གཤིན་ས་ཞིག་ཏུ་གྱུར་ཡོད། རྒྱལ་བོ་ཡུལ་ཚོའི་འགོ་གཙོ་ཝེ་ཡུས་ཅུན་གྱིས་མུ་ནས་མུ་རུ་བསྲིངས་པའི་རྩྭ་རར་བལྟས་ནས་བློ་ཐག་ཆོད་པོས་བཤད་རྒྱུར།“ང་ཚོས་གསེར་གྱི་ཅ་ནེ་བཟུང་སྟེ་སློང་མོ་བྱེད་མི་རུང”ཞེས་ཟེར། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་བཞིན་ཡོད་པས། དེ་ནི་ཆེས་ལེགས་པའི་གོ་སྐབས་ཤིག་རེད། ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་རྗེས། ང་ཚོས་ཅོན་ཧྲན་མཛོ་མོའི་ཐོན་ལས་དེ་གྲོང་གསེབ་དར་སྤེལ་གྱི་འགག་སྒོ་སྒྲོལ་སར་བརྩི་རྒྱུ་ཐག་བཅད།
འཇམ་དབྱངས་དོན་འགྲུབ་ཀྱིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “ཐུན་རིན་གྲོང་ཁྱེར་དང་རྒྱལ་བོ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག ང་ཚོ་མཛོ་མོ་གསོ་སྤེལ་གྱི་ལམ་ཁ་གསར་པར་ཞུགས་མགོ་བརྩམས་པ་ཡིན”ཞེས་ཟེར། སྨད་གླང་དང་ཞི་མིན་ཐ་ཨར་གཉིས་འབྲི་མོ་དང་འཁྲིག་སྦྱོར་བྱས་ཏེ་རྩེབས་པའི་ཅོན་ཧྲན་མཛོ་མོར་མཚོན་ན་གཞན་ཡུལ་གྱི་འཕེལ་ཁ་མགྱོགས་པའི་ཕོ་རྒྱུད་དང་རང་ཡུལ་གྱི་མཐོ་སྒང་ལ་འཚམ་པའི་མོ་རྒྱུད་གཉིས་མཉམ་འདྲེས་ལེགས་པོ་བྱས་ཡོད། ཤ་དང་འོ་མའི་ཐོན་ཚད་ནོར་གནག་ལས་ལྡབ་གསུམ་གྱིས་མཐོ། ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་ཡིན་པས་ཅོན་ཧྲན་མཛོ་མོ་མྱུར་དུ་གསོ་སྤེལ་ཁྱིམ་ཚང་གི་གཡང་ཟོག་ཏུ་གྱུར་ཏེ། ཡུལ་དེའི་མང་ཚོགས་ལ་ཐོན་ལས་རིམ་སྤར་གྱི་བྲོ་བ་མྱངས་སུ་བཅུག
ཐུན་རིན་གྲོང་ཁྱེར་གྱི་ཕྱུགས་ལས་ཆེད་མཁས་པ་དང་གཞི་རིམ་ལས་བྱེད་པ་རྣམས་ཀྱིས་འཚོལ་ཞིབ་ཀྱི་གོམ་ཁ་ལྷོད་མྱོང་མེད། གཞན་ཡུལ་དུ་སོང་སྟེ་རྒྱུན་ཆད་མེད་པར་ལྟ་ཞིབ་སློབ་སྦྱོང་བྱས་རྗེས། ཁོ་ཚོའི་མིག་དབང་ཡང་བསྐྱར་སྔར་བས་སྦས་ཤུགས་ཆེ་བའི་ཅོན་ཧྲན་མཛོ་མོར་གཏད། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་གླིང་དང་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་གི་ལག་རྩལ་ཆེད་མཁས་པའི་མཛུབ་སྟོན་འོག ཐུན་རིན་གྲོང་ཁྱེར་ཕྱུགས་ལས་ཕྱུགས་སྨན་ས་ཚིགས་ཀྱིས་སྔོན་ཐོན་གྱི་ཅོན་ཧྲན་ཕོ་རྟོལ་མོ་རྟོལ་ཚོད་འཛིན་གྱི་ཁུ་བ་འཁྱགས་སྡོམ་ལག་རྩལ་ནང་འདྲེན་བྱས།
ལག་རྩལ་དེ་ཐུན་རིན་ནས་རྩ་བ་ཚུགས་པར་ཁག་ཐེག་བྱེད་ཆེད། གྲོང་ཁྱེར་ཕྱུགས་ལས་ཕྱུགས་སྨན་ས་ཚིགས་ཀྱིས་ནོར་གནག་མང་པོ་ཡོད་པ་དང་གསོ་སྤེལ་གཅིག་བསྡུས་ཡིན་པ། སྒྲིག་བཀོད་ཆ་ཚང་ཡིན་པའི་ཆེད་ལས་མཉམ་ལས་ཁང་དང་གསོ་སྤེལ་ཁྱིམ་ཆེན་ཁྲོད་ནས་འབྲི་མོར་མིས་ཐབས་ཀྱིས་ཁུ་བ་འཇུག་པའི་གནས53བདམས། འཇམ་དབྱངས་དོན་འགྲུབ་ཀྱི་མཉམ་ལས་ཁང་ནི་དེའི་ཁྲོད་ཀྱི་གཅིག་རེད།
དེའི་རྗེས། ལག་རྩལ་པ་ཁུ་བ་འཇུག་གནས་སོ་སོར་སོང་སྟེ། ནོར་ཁྱུ་འདེམས་པ་དང་ཁྱུ་བཀར་རྩྭས་གསོ་སོགས་ཀྱི་གྲ་སྒྲིག་བྱ་བར་མཛུབ་སྟོན་བྱས་ནས་ཡོངས་འགྲུབ་བྱས་པ་དང་། གླང་ཐིག་གི་འཁྱགས་ཐིག་འབྲི་མོའི་མངལ་དུ་འཇུག་པའི་ལག་རྩལ་བདེ་བླག་ངང་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།
ཐུན་རིན་གྲོང་ཁྱེར་ཕྱུགས་ལས་ཕྱུགས་སྨན་ས་ཚིགས་ཀྱི་འགོ་གཙོ་ཝང་ཧུའེ་ཁྲེང་གིས“ལག་རྩལ་འདིས་དགོས་མཁོ་ལྟར་ཕོ་རྟོལ་མོ་རྟོལ་ཚོད་འཛིན་བྱེད་པ་དང་མོ་རྟོལ་རྩེབས་ཚད་ཇེ་མཐོར་བཏང་སྟེ། སྤུས་ལེགས་ཀྱི་འོ་མ་ཐོན་པའི་གཤིས་ནུས་དང་མཐོ་སྒང་ལ་འཚམ་པའི་རང་གཤིས་གཉིས་ཀ་འཛོམས་སུ་བཅུག་ཡོད་པར་མ་ཟད། ཕྱུགས་རྒྱུད་ལེགས་བསྒྱུར་དང་ཕན་འབྲས་མཐོར་འདེགས་ལ་རོགས་འདེགས་བྱས་ཏེ། ཡུལ་དེའི་ཕྱུགས་ཟོག་གསོ་སྤེལ་གྱི་ལག་རྩལ་གསར་བརྗེ་དང་ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་རིམ་བསགས་ཀྱིས་ཅོན་ཧྲན་མཛོ་མོ་བཞི་བརྒྱ་དོན་དྲུག་ལ་རྟོལ་ཕྲུག་སྦྲུམས་ནས་རྩེབས་སུ་བཅུག”ཟེར།
འཇམ་དབྱངས་དོན་འགྲུབ་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་སྐད་གདངས་ལ་སྤོབས་པས་ཁེངས་ནས་བཤད་རྒྱུར། “2023ལོའི་ཟླ4པར། ང་ཚོའི་མཉམ་ལས་ཁང་དུ་ཅོན་ཧྲན་མཛོ་མོ་ཐོག་མ་རྩེབས།”“ད་ལྟ་མཉམ་ལས་ཁང་དུ་ཅོན་ཧྲན་མཛོ་མོ་བཞི་བཅུ་ལྷག་ཡོད། དེ་དག་ཚང་མས་ཡོང་སྒོ་འཕར་དུ་འཇུག་ཐུབ”ཟེར།
འཇམ་དབྱངས་དོན་འགྲུབ་ཀྱིས་མཛུབ་མོ་བཀུགས་ནས་ཡོང་སྒོ་རྩིས་བརྒྱབ། “ཅོན་ཧྲན་མཛོ་མོར་མཐོང་ཆུང་བྱེད་མི་རུང་། རྩེབས་མ་ཐག་གི་རྟོལ་ཕྲུག་གཟུགས་བོང་ཅུང་ཆེ་ནའང་མགོ་བོ་ཆུང་བས་རྩེབས་སླ་ཞིང་། རྟོལ་ཕྲུག་གསོན་ཚད་ཀྱང་སྤྱིར་བཏང་གི་ནོར་གནག་ལས་མཐོ། ཅོན་ཧྲན་མཛོ་མོའི་འོ་མའི་ཐོན་ཚད་སྲོལ་རྒྱུན་གྱི་མཛོ་མོ་དང་འབྲི་མོ་ལས་མང་། དེར་མ་ཟད་འོ་མའི་སྤུས་ཀ་གཞན་ལས་བཟང་བ་སྟེ། འོ་ཞག་དང་འོ་མའི་སྤྲི་དཀར་གྱི་འདུས་ཚད་མཐོ་བས། མར་དང་ཆུར་བ་སོགས་ཀྱི་འོ་མའི་ཐོན་རྫས་ཀྱི་བྲོ་བ་ཡང་ཞིམ་པོ་རེད། དེའི་རྟོལ་ཕྲུག་ཚོང་ཁྲོམ་དུ་སྒོར་ཁྲི་གཅིག་ལ་བཙོང་ཐུབ། རྒྱུད་སྤེལ་གསོ་སྐྱོང་ནས་འོ་མའི་ཐོན་རྫས་ཐོན་སྐྱེད། དེ་ནས་རྟོལ་ཕྲུག་ཉོ་འཚོང་བར་ཅོན་ཧྲན་མཛོ་མོ་གསོ་བའི་དུས་མཚམས་རེ་རེར་ཡོང་སྒོ་འཕར་བའི་སྦས་ཤུགས་དྲག་པོ་མངོན་ལ། དེ་ལས་ཐོན་པའི་ཡོང་སྒོ་ཡང་སྲོལ་རྒྱུན་གྱི་མཛོ་མོ་དང་ནོར་གནག་ལས་མང”ཟེར།
ཅོན་ཧྲན་མཛོ་མོའི་ཐོན་ལས་ཉིན་རེར་ཇེ་རྒྱས་སུ་སོང་བ་དང་བསྟུན་ནས། ཐུན་རིན་གྲོང་ཁྱེར་གྱིས“ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ན་ཐོག་མར་གཟན་རྩྭ་དར་སྤེལ་གཏོང་དགོས”ཞེས་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་བསྟུད་མར་ཇེ་ལེགས་སུ་བཏང་། ཡུལ་དེས་ས་རྒོད་དང་ས་རྒྱུ་མི་བཟང་བའི་ཞིང་ས། རི་མ་བཅས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། གཟན་རྩྭའི་ཐོན་ལས་གསོ་སྐྱོང་དང་མཐོར་འདེགས་ཀྱི་བཟོ་འགོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས། ད་ལྟ། “ཞིང་ཕྱུགས་གསབ་རེས་དང་རྩྭ་ཕྱུགས་མཉམ་སྒུལ། འཁོར་རྒྱུག་འཕེལ་རྒྱས”ཀྱི་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཀྱི་སྦྲེལ་ཐག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཏེ། གྲོང་གསེབ་དར་སྤེལ་ལ་རྒྱུན་ཆད་མེད་པའི་སྒུལ་ནུས་གསར་པ་སྩོལ་བཞིན་ཡོད།
ཝེ་ཡུས་ཆིན་གྱིས། རྒྱལ་བོ་ཡུལ་ཚོས་ཡུན་རིང་དུ་བྱས་རྗེས་འཇོག་པ་ངེས་ཤུགས་སུ་བརྩིས་ཏེ། ཅོན་ཧྲན་མཛོ་མོ་གསོ་སྤེལ་གྱི་གཞིས་བསྐྱེད་སྤུས་འདེགས་དང་རྒྱུད་བཟང་གསོ་སྤེལ། ལག་རྩལ་ཁྱབ་གདལ། སྲིད་ཇུས་རོགས་སྐྱོར། ཟོང་རྟགས་བསྐྲུན་པ་བཅས་ལ་བསྟུད་མར་ཤུགས་བཏོན་པ་ཡིན། “ང་ཚོས་ནུས་ཤུགས་ཡོད་རྒུས‘ཀྲུང་གོའི་ཅོན་ཧྲན་མཛོ་མོའི་ཕ་ས’ཞེས་པའི་ཟོང་རྟགས་བསྐྲུན་རྒྱུ་ཡིན། མཐོ་སྒང་གི་གཡང་ཟོག་འདི་དག་གི་རྒྱབ་ཏུ་རོང་འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་བ་ཡོད་ལ། གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་གི་འདུན་མའང་ཐེག་ཡོད”ཟེར།
ལྷ་མོ་འཚོས་རྩོམ་སྒྲིག་བྱས།