འདི་ནི་རྡོ་རྗེ་བཟའ་མི་ཡོངས་ཀྱི་མཉམ་པར་ཡིན།
ཞོགས་པའི་ཉི་འོད་རྨ་སྟོད་རྫོང་མཁར་དུ་འཕྲོས་པ་ན། རྡོ་རྗེ་ཡིས་སྒེའུ་ཁུང་ཕྱེས་ནས་རྒྱང་རིང་གི་བ་ཡན་ཧ་རིའི་ཕྱོགས་སུ་བལྟས་ཚེ། སྤྲིན་དཀར་གྱི་ཚོམ་བུ་འགའ་ཁོའི་ཕྱོགས་སུ་རྒྱུ་བཞིན་པ་མཐོང་། ཐོག་ཁང་འོག་གི་ཐང་ཆེན་དུ་ཁོའི་ཆུང་མས་སྐྱེ་ཁམས་ལྟ་སྲུང་པའི་ལས་གོས་སྔོན་པོ་དང་ལྗང་སེར་འདྲེས་མ་དེ་གྱོན་ནས་ལས་རོགས་ཚོ་དང་མཉམ་དུ་སྐོར་སྲུང་སྒྲིག་ཆས་ལེགས་སྒྲིག་བྱེད་བཞིན་འདུག
“སྔོན་ཆད་ཕྱུགས་འཚོ་དུས་སེམས་ཁྲལ་ཆེ་བ་ནི་གནམ་གཤིས་ཀྱི་འགྱུར་ལྡོག་ཡིན་མོད། ད་ལྟ་ལས་ཀ་ཡོད་ཚད་ཆོས་ཉིད་ལ་བརྟེན་བཞིན་ཡོད་པས་སེམས་པ་བདེ་ལ་བབས་ཡོད།”རྡོ་རྗེའི་གདོང་ལ་དགའ་བའི་འཛུམ་ཞིག་ལངས་ནས་ལག་པ་ཕུར་ཕུར་བྱེད་ཞོར་ཞོགས་ཟས་གྲ་སྒྲིག་བྱེད་མགོ་བརྩམས།
ལོ་འགའི་སྔོན་ལ། རྡོ་རྗེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་ཁམས་ཆེན་སྡེ་བའི་འབྲོག་པ་ཞིག་རེད། སྐབས་དེར། ཁོ་ཚང་ལ་རྩྭ་ར་ཡོད་པར་མ་ཟད་ནོར་གནག60ལྷག་ཙམ་ཡོད་མོད། འོན་ཀྱང་ནམ་ཡང“རྩྭ་ཆུར་བསྙེགས་ནས་འཚོ་བ་རོལ་བའི”དཀའ་ངལ་ཁྲོད་དུ་འཕག་འཚག་བྱེད་བཞིན་ཡོད་ལ། གངས་སྐྱོན་གྱིས་ཕྱུགས་ཟོག་གི་ཚེ་སྲོག་འཁྱེར་འགྲོ་བའི་གནས་ཚུལ་མང་དུ་བྱུང་ཞིང་། རྩྭ་ས་ཉམས་ཞན་དུ་གྱུར་ནས་ཁོ་ཚང་གི་རྒྱབ་རིའི་ཕྱུགས་རྩྭ་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། “ཐེངས་ཤིག་རུ་སྤོ་དུས་ལེ་བར་བཅུ་ལྷག་ཙམ་ལ་སོང་ན་ཡང་རྩྭ་ས་བཟང་བོ་ཞིག་རྙེད་མ་ཐུབ”ཅེས་རྡོ་རྗེ་ཡིས་ཕྱིར་དྲན་བྱེད་སྐབས་དཔྲལ་བའི་གཉེར་མ་བསྡུས་ཏེ།“མུ་མཐུད་དུ་དེ་ལྟར་བྱས་ན་རྩྭ་ཐང་ང་ཚོའི་ལག་ཏུ་བརླག་འགྲོ་སྲིད”ཅེས་བཤད།
རྨ་སྟོད་རྫོང་གིས་ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ལོ་དེར། དང་ཐོག་རྡོ་རྗེ་ཡིས“མེས་པོ་ཚོས་མི་རབས་ནས་མི་རབས་སུ་ཕྱུགས་འཚོས་ནས་ཡོང་བ་ཡིན་པས། རྩྭ་ས་དང་ཁ་བྲལ་ན་ཅི་ཞིག་བྱེད་ཐུབ་བམ”ཞེས་རང་གིས་རང་ལ་དྲི་བ་མང་དུ་བཏོན་མྱོང་མོད། འོན་ཀྱང་རྫོང་ཐོག་གི་ལས་བྱེད་པ་སྒོ་ཁར་ཡོང་ནས་དྲིལ་སྒྲོག་ཡང་ཡང་བྱས་ཏེ།“སྐྱེ་ཁམས་རྩིས་ཐོ”དང“དཔལ་འབྱོར་གྱི་རྩིས”རྒྱག་སྐབས། ལོ་རེར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་བྱ་དགའི་མ་དངུལ་སྒོར་ཁྲི3ལྷག་ཙམ་ཐོབ་ཐུབ་པར་མ་ཟད། ད་དུང་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་སུ་ཞུགས་པར་ཆ་རྐྱེན་ཡང་འཛོམས། མཐར་རྡོ་རྗེ་ཡིས་མ་ཁར་སོ་བཏབ་ནས་ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་ལམ་དུ་ཞུགས།
ད་ལྟ་རྡོ་རྗེ་རྫོང་མཁར་གྱི་བདེ་སྐྱིད་གཞིས་ཁྱིམ་དུ་རྨིད་གྲུ་བཞི་མ80ལྷག་ཡོད་པའི་ཐོག་ཁང་དུ་བསྡད་ཡོད། བདེ་སྐྱིད་གཞིས་ཁྱིམ་ནི་རྨ་སྟོད་རྫོང་གི་གནོད་ཤུལ་བསྐྱར་སྐྲུན་ཁྲོད་ལས་པའི་ལས་གཞི་ཞིག་རེད། བདེ་སྐྱིད་གཞིས་ཁྱིམ་དུ་སྡོད་པའི་གཞིས་དམངས་ནི་རྨ་སྟོད་རྫོང་ཁོངས་ཀྱི་གྲོང་རྡལ་གཉིས་དང་ཡུལ་ཚོ་གཉིས་ཀྱི་འབྲོག་པ་མང་ཚོགས་རེད། སྡོད་ཁང་དུ་དྲོད་རླངས་དང་རང་འབབ་ཆུ་སོགས་ཚང་མ་འཛོམས་པས་འཚོ་བ་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
རྡོ་རྗེའི་ཆུང་མ་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས་ཟླ་རེར་ཡོང་འབབ་སྒོར1800ལྷག་ཙམ་ཡོད་པ་དང་། སྐོར་ཞིབ་རྩྭ་སའི་ནང་གད་སྙིགས་གཙང་སེལ་དང་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་རེད། “ཟླ་སྔོན་མར་དགོ་བ་ཁྱུ་ཞིག་གསར་དུ་མཐོང་མ་ཐག་ཡིན། ཞིབ་ཏུ་བརྩིས་ན་ཉི་ཤུ་ལྷག་ཙམ་ཡོད།”བྱ་བའི་སྐོར་གླེང་སྐབས་རྡོ་རྗེ་ཡི་ཆུང་མའི་མིག་ལ་འོད་མདངས་འཚེར་བཞིན“ད་ལྟ་རྩྭ་ཡི་མཐོ་ཚད་རྐང་བའི་པུས་མོ་ཙམ་ལ་ཐོན་ཡོད་པས། ང་ཚོས་ནམ་ཡང་རྩྭ་ཡི་སྐྱེ་འཕེལ་ལ་སྲུང་སྐྱོབ་ཆེན་པོ་བྱེད་ཀྱིན་ཡོད”ཅེས་བཤད།
ད་ལྟ་ཐོག་མའི་གདམ་གར་བསམ་བློ་བཏང་ཚེ། དེ་ནི་འཁྲུལ་མེད་ཀྱི་གདམ་ག་ཞིག་ཡིན་པ་གཞི་ནས་ཤེས།
“དྲིན་དེ་དྲིན་དུ་བསམས་ནས་ནམ་ཡང་བརྗེད་མི་རུང་བ་ནི་ང་ཚོའི་ཐོག་མའི་སེམས་འདུན་ཡིན།”རྡོ་རྗེ་ཐོག་ཁང་དུ་སྤར་བའི་དུས་དེ་ནས་བཟུང་། ཁོམ་པ་ཡོད་ཚེ་བདེ་སྐྱིད་གཞིས་ཁྱིམ་གྱི་ཁོར་ཡུག་གཙང་སྦྲའི་ནང་ཞུགས་ནས་མཛེས་པའི་རྨ་སྟོད་གསར་པ་འཛུགས་སྐྲུན་བྱེད་པར་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་བཞིན་ཡོད།“ད་ལྟ་ངེད་ཚང་གི་ལོ་རེའི་ཡོང་འབབ་དེ་ཕྱུགས་འཚོ་བའི་དུས་ལས་མང་བས། བུ་ཆུང་བ་སློབ་ཆེན་ལས་སློབ་མཐར་ཕྱིན་ནས་ལས་ཞུགས་བྱེད་པར་གྲ་སྒྲིག་བྱེད་ཀྱིན་ཡོད”ཅེས་ལག་ཁྱེར་ཁ་པར་བླངས་ཏེ་ཟི་ལིང་གྲོང་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་བཞིན་པའི་བུ་ཆུང་ལ་ལམ་བར་གྱི་བདེ་འཇགས་ལ་གཟབ་དགོས་པའི་སྐོར་ནས་གལ་བོ་ཆེ་ལ་ནན་ཏན་ཚུལ་གྱིས་བཤད།
ཁ་པར་ཕར་སྣོག་ཚུར་སྣོག་ཐེངས་འགའ་བྱས་རྗེས། ལོ་ངོ་བཅུའི་སྔོན་ལ་ཁོ་ཚང་གི་ཁང་རྙིང་ནང་བླངས་པའི་པར་རྙིང་ཞིག་བསྟན་བྱུང་། པར་རྙིང་ལས་ཤེས་ཐུབ་པ་ནི་ཁང་པའི་གྱང་ངོས་སུ་ཚགས་པར་སྣ་ཚོགས་སྦྱོར་བའི་དུས་ནས་དེང་གི་བལ་གདན་འགེལ་བའི་བར་གྱི་འགྱུར་ལྡོག་རེད།
རྨ་སྟོད་རྫོང་དུ་རྡོ་རྗེ་ལྟ་བུའི་སྐྱེ་ཁམས་ལྟ་སྲུང་པ1800ལྷག་ཡོད། འབྲོག་པ་རྣམས“ཕྱིར་འཐེན་ཐུབ་པ་དང་བརྟན་པོར་གནས་ཐུབ་པར”བྱེད་ཆེད། རྨ་སྟོད་རྫོང་སྲིད་གཞུང་གིས་ལས་ཞུགས་གསོ་སྦྱོང་སྤེལ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་ཡུལ་སྐོར་ཞབས་ཞུ་སོགས་རྩལ་ནུས་སློབ་ཁྲིད་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས། རྩྭ་སར་གཅིག་བསྡུས་དོ་དམ་སྲུང་སྐྱོང་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཞིབ་བཟོ་བཅས་བྱས་པ་བརྒྱུད། ཕྱུགས་བསྐྱུར་འབྲོག་པ་རྣམས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།
ཉི་མ་ནུབ་ལ་ཉེ་དུས། རྡོ་རྗེ་ཐོག་ཁང་གི་འཁྱམས་རར་ལངས་ནས་རྨ་སྟོད་རྫོང་མཁར་གྱི་རིག་གནས་ཐང་ཆེན་དུ་ཕོ་མོ་མང་པོ་སྐོར་བྲོ་འཁྲབ་བཞིན་པར་བལྟས་རྗེས། རྒྱང་མཐོང་བླངས་ནས་ཐག་མི་རིང་བའི་རྩྭ་ཐང་དུ་བལྟས་པ་ན་རྐྱང་ཁྱུ་ཞིག་གིས་བག་ཕེབས་ངང་གཟན་རྩྭ་ཟ་བཞིན་པ་མཐོང་། “སྔོན་ཆད་ཕྱུགས་འཚོ་བ་ནི་འཚོ་ཐབས་ཀྱི་ཆེད་ཡིན་ལ། ད་ལྟ་རྩྭ་ཐང་སྲུང་སྐྱོང་བྱེད་པ་ནི་མི་རབས་རྗེས་མའི་ཆེད་དུ་ཡིན”ཞེས་རྡོ་རྗེ་ཡིས་དེ་ལྟར་བཤད་དུས། རྒྱང་རིང་དུ་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་རླངས་འཁོར་གྱི་དུང་སྒྲ་གྲག་བྱུང་། དེ་ནི་ཁོའི་ཆུང་མས་ཉིན་གཅིག་གི་སྐོར་སྲུང་མཇུག་བསྒྲིལ་ནས་ཕྱིར་ལོག་པའི་བརྡ་རྟགས་རེད། ས་སྲོད་ཀྱི་དུས་སུ་རྡོ་རྗེ་བཟའ་མི་གང་བོ་ལྷན་དུ་འཛོམས་ནས་ནུབ་ཟས་ལ་རོལ་དུས་ཁྱིམ་དུ་དགའ་སྤྲོའི་དགོད་སྒྲས་ཁེངས།
དེང་སྐབས་རྨ་སྟོད་རྩྭ་ཐང་དུ་འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ལ་དབང་བའི“སྐྱེ་ཁམས་ཕོར་བ”བཟུང་སྟེ་རི་བོ་སྔོ་ཞིང་ཆུ་མོ་དྭངས་གཙང་སྲུང་སྐྱོབ་བྱེད་པའི་ལམ་བུའི་སྟེང་། ཇི་ལྟར་ཐག་རིང་དུ་བསྐྱོད་ན་དེ་ལྟར་ཇེ་བརྟན་དུ་འགྲོ་བཞིན་ཡོད། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།