དམངས་སྲོལ་སྦྲ་གུར།
སྦྲ་གུར་ཟ་ཁང་དུ་ཡུལ་སྐོར་བ་ཚོས་ཟས་མཆོག་གི་བྲོ་བ་མྱོང་བཞིན་པ།
ནགས་ཚལ་དང་རྩྭ་ཐང་གི་མཛེས་ལྗོངས།
ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་ཁོག་ཡུལ་ཚོ་བདེ་ཆེན་སྡེ་བའི་ནང་ཁོག་ལྗོངས་ཁུལ་དུ་འབྱོར་བ་ན། ཀྱག་ཀྱག་གི་ཤིང་ལམ་བརྒྱུད་དེ་སོང་ན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་མིག་ལམ་དུ་མངོན་ཡོང་། རྟ་ནོར་ལུག་གསུམ་གྱིས་བག་ཕེབས་ངང་རྒྱུ་བཞིན་ཡོད་ལ། སྐབས་རེར་མགོ་སྒུར་ནས་ནེམ་རྩྭ་བཅུད་ལ་རོལ་བ་དང་། ལན་རེར་མགོ་བོ་བཀྱགས་ནས་རྒྱང་ལྟ་བྱེད་ཀྱིན་ཡོད་དེ། ལྷིང་འཇགས་ཀྱི་རྩྭ་ཐང་ལ་གསོན་ཤུགས་དང་མཛེས་སྡུག་གསར་བ་ཞིག་བསྣན། ཡུན་གྱིས་རྒྱང་རིང་ལ་བལྟས་ན། གདོད་མའི་ནགས་ཚལ་སྟུག་པོས་ཁྱབ་ནས་རང་བྱུང་ཁམས་ཀྱི་བརྗིད་ཆགས་མཛེས་ཉམས་མངོན་ཡོང་།
དེ་ནས་ག་ལེར་སོང་ན། དཀར་གཙང་ངེར་གྲལ་འགྲིག་པའི་དམངས་སྲོལ་སྦྲ་གུར་མིག་ལམ་དུ་མངོན་ཞིང་། དེ་དག་རྒྱང་རིང་གི་ནགས་ཚལ་དང་སྔོ་ལྗང་གི་རྩྭ་ཐང་དང་གཞི་གཅིག་ཏུ་འདྲེས་ནས་རང་བྱུང་ཁམས་ཀྱི་མཛེས་རིས་ཤིག་ཏུ་གྲུབ་ཡོད། ལྗོངས་ཁུལ་དུ་མི་རིགས་ཀྱི་གོམས་སྲོལ་མང་པོ་མཐོང་རྒྱུ་ཡོད་ལ། དེས་ཡུལ་སྐོར་བར་རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་། རྩྭ་ཐང་གི་སྒེག་ཉམས་ཚོར་དུ་འཇུག་པའི་སྙན་ངག་གི་ཞིང་ཁམས་ཤིག་བསྐྲུན་ཡོད།
བྱིས་པ་ཞིག་གིས་ལྟ་སྦྱོང་སྟེགས་བུའི་འགྲམ་གྱི་དཔྱང་ཐག་བསྟན་ནས། ཨ་མ། ངས་དཔྱང་ཐག་རྩེ་འདོད་ཀི་ཟེར་ནས་སྐད་ཆེན་པོས་འབོད་བཞིན་འདུག
ཡུལ་སྐོར་བ་ཝང་ལིན་གྱིས་བྱིས་པ་དཔྱང་ཐག་ཏུ་འཇོག་ཞོར་བཤད་རྒྱུར། རྩྭ་ཐང་དང་ནགས་ཚལ། ད་དུང་ཁྱུ་དང་ཁྱུ་བྱས་ནས་ཡོད་པའི་ནོར་ལུག་བཅས་ཀྱི་མཛེས་རྣམ་འདི་ནི་གྲོང་ཁྱེར་དུ་རྩ་བ་ནས་རིག་རྒྱུ་མེད། དེར་མ་ཟད། ཟི་ལིང་དང་ཆུ་ཚོད་ཕྱེད་ཀའི་ལམ་ཐག་གི་བར་ཐག་ལས་མེད་པས། ལམ་ཐག་ཐུང་ངུའི་འགྲུལ་བཞུད་ཐེངས་ཤིག་བྱས་ན་ཧ་ཅང་འཚམ་ཟེར།
གཅན་ཚ་རྫོང་ནང་ཁོག་ཡུལ་ཚོའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་རྡོ་གོ་རྒྱལ་གྱིས་སྤྲོ་དགའི་ངང་བཤད་རྒྱུར། ཟླ5པའི་ཚེས17ཉིན། ལྗོངས་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ་ནས། ཡུལ་སྐོར་བ་དངོས་སུ་སྣེ་ལེན་བྱས་པ་ཡིན། ལྗོངས་ཁུལ་གྱི་མིང་གྲགས་ཇེ་ཆེར་བཞིན་ཡོད་པས། སྡེ་མི་ཚོའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་རེ་བ་ཡོད་པ་རེད། ཟླ་བདུན་པའི་ཟླ་དཀྱིལ་གནས་འདིའི་ཡུལ་ལྗོངས་སྔར་ལས་མཛེས་པ་སྟེ། ལོག་གར་གྱི་མེ་ཏོག་སེར་ལམ་ལམ་བཞད་ཡོད་པས། ཡུལ་སྐོར་བས་ལྟ་སྦྱོང་སྟེགས་བུའི་སྟེང་ནས་པར་ཞིག་བརྒྱབ་ན་ཁ་པར་གྱི་འཆར་ངོས་པར་ལ་འཇོག་ཐུབ་ཅེས་ཟེར།
རྡོ་གོ་རྒྱལ་གྱི་རེ་བའི་མིག་ཟུང་ལས་བདེ་ཆེན་སྡེ་བའི་ཕྱུག་འགྱུར་གྱི་བགྲོད་ལམ་གསར་ལེར་མངོན་ཡོང་། སྔོན་ཆད། ས་གནད་དེ་གའི་སྡེ་མི་ཚོས་དབྱར་རྩ་དགུན་འབུ་བརྐོ་བ་དང་ཕྱུགས་འཚོ་བའི་ཐབས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ལ། འཚོ་བའི་ཡོང་འབབ་ཉུང་ཉུང་ཙམ་ལས་མེད། ནང་ཁོག་ཡུལ་ཚོའི་རང་བྱུང་ཁམས་ཀྱི་མཛེས་པ་ཁྱད་དུ་འཕགས་རུང་། རི་ཁུག་ཏུ་ཡོད་པས་མི་མང་པོ་ཞིག་གིས་ཤེས་ཀྱིན་མེད།
གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྐུལ་འདེད་འོག ནང་ཁོག་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་དང་། བདེ་ཆེན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་ཡང་དང་བསྐྱར་དུ་བསམ་གཞིགས་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས། ཚང་མས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནང་ཁོག་ཡུལ་ཚོ་དེ་ཉིད་སྲོལ་རྒྱུན་གྱི་འཕེལ་རྒྱས་བཀག་རྒྱ་ལས་ཐར་དགོས་ཚེ། ངེས་པར་དུ་སྐྱེ་ཁམས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་དགེ་མཚན་དངོས་སུ་བསྒྱུར་དགོས་པ་རིམ་གྱིས་རྟོགས།
རྡོ་གོ་རྒྱལ་གྱིས་རི་ཆུར་བརྟེན་ནས་ས་གནས་རང་གི་ཁྱད་ཆོས་མངོན་དགོས་པ་སྟེ། ང་ཚོའི་བདེ་ཆེན་སྡེ་བའི་ཆེས་རྩ་ཆེ་བའི་རྒྱུ་ནོར་ནི་མིག་མདུན་དུ་ཡོད་པའི་རི་སྔོ་ཆུ་དྭངས་འདི་དག་མ་ཡིན་ནམ་ཟེར། དེར་བརྟེན། བདེ་ཆེན་སྡེ་བའི་འཕེལ་རྒྱས་ཐབས་ལམ་ལ་རིམ་གྱིས་འགྱུར་ལྡོག་བྱུང་ནས། ཡུལ་སྐོར་ལས་རིགས་དེ་ཐོད་བརྒལ་བྱེད་སར་བརྩིས་ཤིང་། ས་གནས་རང་གི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་ཞིག་བཏོད་པ་རེད།
སྡེ་བའི་ཐོན་ཁུངས་སྐོར་གླེང་སྐབས། རྡོ་གོ་རྒྱལ་གྱིས་ཧ་ཅང་བྱང་ཆ་ཡོད་པའི་སྒོ་ནས་བཤད་རྒྱུར། བདེ་ཆེན་སྡེ་བར་ཐོན་ཁུངས་མོད་པོ་ཡོད་དེ། རྩྭ་ཐང་དུ་ཁྲ་ཚོམ་མེ་ཏོག་ཐང་མར་བརྡལ་ཞིང་། གདོད་མའི་ནགས་ཚལ་ལྗང་སྟུག་གེར་ཆགས་ཡོད་པར་མ་ཟད། འབྲོག་པའི་ནོར་ལུག་བག་ཕེབས་རྒྱུ་བ་དང་། རྦབ་ཆུ་དྭངས་མོ་དྲག་ཏུ་འབབ་བཞིན་ཡོད། དེ་ལས་ཀྱང་ངོམ་དུ་རི་བ་ནི་སྦྲ་གུར་ལས་འཐུལ་ཡོང་བའི་འོ་ཇའི་དྲི་ངད་དང་། སྤྲོ་སེམས་རྒྱས་པའི་བོད་པའི་གླུ་གར་ཡིན་ལ། དེར་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་ཡོད། སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་རིག་གནས་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་བ་རྣམས་སྦྲ་གུར་ནང་སྡོད་དུ་བཅུག་ནས་འབྲོག་པའི་འཚོ་བར་ཉམས་ལེན་བྱེད་པ་དང་། འབྲོག་མོ་ཚོའི་རྗེས་སུ་འབྲངས་ནས་འོ་མ་བཞོ་སྟངས་དང་སྐུད་པ་འཁེལ་སྟངས་བསླབ་སྟེ་ས་གནས་དེའི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་བྱེད་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་མིང་བྱང་མ་ཡིན་ནམ་ཟེར།
སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཀྱི་ཉམས་ལེན་མཉམ་འདྲེས་ཀྱི་འཕེལ་རྒྱས་འཆར་འགོད་ལ་དམིགས་ནས། རྫོང་གིས་མ་དངུལ་སྒོར་ས་ཡ་བདུན་བཏང་ནས་འཛུགས་སྐྲུན་བྱས་པའི་དམངས་སྲོལ་སྦྲ་གུར་ལས་གཞི་དེ་བདེ་བླག་ངང་བདེ་ཆེན་སྡེ་བ་རུ་དངོས་འབེབས་བྱས། བོད་ལུགས་ཀྱི་སྦྲ་གུར29དེང་རབས་ཅན་གྱི་གཞིས་སྡོད་སྒྲིག་ཆས་དང་མཉམ་འདྲེས་བྱས་ལ། ཉལ་ཁྲི66གིས་ཡུལ་སྐོར་བའི་གཞིས་སྡོད་དགོས་མཁོ་སྐོང་ཐུབ། གུར་ནང་ནས་སྐར་ཚོགས་ལ་བལྟ་ཐུབ་པའི་སྐར་ཁུང་སྦྲ་གུར་གྱིས་ཡུལ་སྐོར་བར་དགུ་ཚིགས་ལ་བལྟ་བའི་བར་སྣང་ཞིག་བསྐྲུན་ཡོད། སྨི་གྲུ་བཞི་མ་བཞི་བརྒྱ་ལྷག་ཅན་གྱི་སྦྲ་གུར་ཟ་ཁང་དུ་ཐེངས་གཅིག་ལ་མི་ཉིས་བརྒྱ་ལྷག་གིས་ཟ་མ་བཟའ་ཐུབ། དེ་ལས་གཞན། སྤྱི་ལེ་གཉིས་དང་གྲངས་ཆུང་དྲུག་ཅན་གྱི་ཤིང་ལམ་དེས་ལྟ་སྦྱོང་སྟེགས་བུ་དང་དཔྱང་ཐག་སོགས་སྒྲིག་ཆས་འབྲེལ་ཡོད་ལ། ཚན་ལྡན་ཅན་གྱི་རླངས་འཁོར་འཇོག་ས་ཡང་འཛུགས་གྲུབ་བྱུང་ཡོད་པས། རྨང་གཞིའི་སྒྲིག་ཆས་ཁ་ཚང་འཛོམས་ཡོད།
ཆེད་ལས་ཅན་གྱི་འཁོར་རྒྱུག་མངོན་འགྱུར་བྱེད་ཆེད། བདེ་ཆེན་སྡེ་བས་ལས་གཞི་དེ་ཕྱོགས་གསུམ་པའི་ཀུང་ཟིར་མངགས་བཅོལ་བྱས། རྡོ་གོ་རྒྱལ་གྱིས་བཤད་རྒྱུར། ད་ལོར། ང་ཚོ་དང་ཀུང་ཟིའི་བར་ལོ་གཅིག་ལ་སྒོར་འབུམ་གཅིག་ཅན་གྱི་བོགས་དངུལ་གྲོས་ཆོད་བཀོད་ཡོད་ལ། ཡོང་འབབ་དེས་སྡེ་བའི་ཐུན་མོང་ཡོང་སྒོ་འཕར་བར་བགྲོད་ལམ་གསར་བ་བཏོད་ཡོད། རྗེས་ཕྱོགས་ལས་གཞིའི་ཁེ་སྤོགས་ཀྱི་གནས་ཚུལ་ལྟར་བོགས་དངུལ་ལེགས་སྒྲིག་བྱེད་རྒྱུ་ཡིན་པར་མ་ཟད། དེའི་ཁྲོད་ཀྱི་ཡོང་འབབ་ཁ་ཤས་བླངས་ནས་སྡེ་མི་ཚོར་ཁེ་སྤོགས་བགོ་བ་དང་། ཚང་མར་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན། སྔོན་ཆད་ན་གཞོན་ཚང་མ་ཕྱི་རུ་གླ་རྒྱག་ཏུ་འགྲོ་བཞིན་ཡོད་པས། སྡེ་བའི་ནང་སྟོང་ལྷང་ལྷང་ཞིག་ཏུ་གྱུར་ཡོད་ཀྱང་། ད་བར་ལྗོངས་ཁུལ་གྱི་མིང་གྲགས་ཇེ་ཆེར་གྱུར་བས། ན་གཞོན་མི་ཉུང་བ་ཞིག་ཕྱིར་ཡོང་ནས་ཡུལ་སྐོར་སྣེ་ཁྲིད་པ་བྱས་ཤིང་། ལ་ལས་ལྗོངས་ཁུལ་དུ་ལག་བཟོས་ཐོན་རྫས་དང་ཞིང་ཕྱུགས་ཐོན་རྫས། ཁྱད་ལྡན་ཟས་རིགས་སོགས་བཙོངས་བཞིན་ཡོད་ཟེར། རྡོ་གོ་རྒྱལ་གྱིས་ཁ་པར་ལ་བལྟས་ནས་སྡེ་དམངས་ཀྱི་ཡུལ་སྐོར་ཞབས་ཞུའི་ཚོམས་སྟོན་ཞོར། ད་སྐབས་ཚང་མའི་ངར་ཤུགས་རྒྱས་འདུག རང་འགུལ་སྒོས་རྩྭ་ཐང་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པར་མ་ཟད། ཉིན་རེར་དུས་བཅད་ལྟར་སྐོར་ཞིབ་བྱས་ནས་གད་སྙིགས་བཏུས་པ་དང་། ད་རུང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྡེ་ཁྲིམས་དམངས་སྲོལ་བཙུགས་ཡོད། ཚང་མས་ས་གནས་རང་གི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་པ་ནི་རང་གི་གསེར་གྱི་ཅ་ནེ་ལ་བདག་སྐྱོང་བྱས་པ་ཡིན་པ་གསལ་བོར་ཤེས་ཡོད་ཅེས་བཤད།
ལྷ་མོ་མཚོས་ཟས་ཅོག་སྟེང་ཕྱི་བཞིན་འཛུམ་གྱིས་བཤད་རྒྱུར། སྔོན་ཆད་རྩྭ་ས་སྲུང་ཞིང་ཕྱུགས་འཚོས་ནས་ཚེ་གང་པོར་འདུག་དགོས་སྙམ་པ་ལས་རང་གི་སྒོ་མདུན་དུ་ལས་ཀ་འཚོལ་ཐུབ་པ་ཡིད་ལའང་དྲན་མ་མྱོང་། ད་སྐབས། ངས་ལྗོངས་ཁུལ་གྱི་སྦྲ་གུར་ཟ་ཁང་དུ་ཞབས་ཞུ་བའི་ལས་ཀ་གཉེར་ནས། ཡུལ་སྐོར་བར་འོ་ཇ་དང་ནས་ཆང་ལྡུག་གིན་ཡོད་ལ། ཁོ་ཚོས་ཞོ་དང་རྩམ་པ་ཞིམ་པོ་ཡིན་རབས་དང་། གནས་འདི་འདྲ་པར་ལས་མཛེས་ཚུལ་སྐོར་བཤད་པ་ཐོས་སྐབས། ཕ་ཡུལ་གྱི་ཡོད་ཚད་ཧ་ཅང་རྩ་ཆེན་ཡིན་པ་གསལ་བོར་ཤེས་ཐུབ། རྒྱང་རིང་གི་མགྲོན་པོར་ཕ་ཡུལ་ལ་དགའ་རུ་འཇུག་ཐུབ་པའི་བྱ་བ་འདི་ཕྱུགས་འཚོ་བ་དང་བསྡུར་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་ཟེར།
གོ་མྱོང་རིག་མྱོང་མེད་པའི་རི་ཁུག་གི་སྡེ་བ་ནས་ཡུལ་སྐོར་བ་མང་པོ་འགུག་པའི་སྐྱེ་ཁམས་ལྗོངས་ཁུལ་དུ་གྱུར་བའི་བདེ་ཆེན་སྡེ་བའི་འགྱུར་ལྡོག་ནི་རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རི་སྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པར་མ་ཟད། གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་དེ་གངས་ལྗོངས་མཐོ་སྒང་དུ་ལག་བསྟར་བྱས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཀྱང་རེད། དེ་བས། སྔོན་ཆད་ལྷིང་འཇགས་ཡིན་པའི་སྡེ་བ་དེར་ད་བར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་ནས། ཡུལ་སྐོར་བ་རྣམས་ཀྱིས་རེ་སྨོན་བྱེད་པའི་སྙན་ངག་དང་རྒྱང་རིང་དུ་གྱུར་ཡོད་པ་གསལ་བོར་རྟོགས་ཐུབ།
ལྷ་མོ་འཚོས་བསྒྱུར།