གངས་ལྗོངས་ཀྱི་ལྕི་བ་ནག་པོ་གསེར་དུ་སྒྱུར་བ།
2025.06.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་སྟོད་ཡུལ་ཚོ་སྤུ་ལོང་སྡེ་བ་ནི་མཁའ་ནས་ལྷུང་བའི་སྐར་ཆེན་ཞིག་དང་མཚུངས། སྤྱི་ཆིང་ཁྲི་གཅིག་དང་བརྒྱ་དང་དོན་གསུམ་ཡོད་པའི་གཡུ་མདོག་གི་རྩྭ་ས་དེ་ཞོགས་པའི་སྨུག་སྤྲིན་ཁྲོད་ཡངས་པོར་གནས་ལ། ནོར་གནག་སྟོང་གཉིས་ལྷག་སོས་དལ་བག་ཕེབས་ཀྱིས་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བ་ནི་མུ་ཏིག་ནག་པོས་ཕྲ་བཏབ་པ་ལྟར་སྣང་།

སྔོན་ཆད། གནས་འདིའི་འབྲོག་པ་མང་ཚོགས་ཀྱིས་གནམ་རྒན་མས་གནང་བའི་ཕྱུགས་ར་འདི་སྲུང་ཡོད་མོད། འོན་ཀྱང་ནམ་ཡང་དབུལ་ཕོངས་ཀྱི་ལམ་ཁ་ནས་ཐར་དཀའ་བས། “གསེར་གྱི་ཅ་ནེ་འཆང་སྟེ་སློང་མོ་བྱེད་པ”དེ་ནི་སྡེ་མི་རེ་རེའི་སེམས་ཀྱི་ན་ཟུག་ཏུ་གྱུར་ཡོད།

བསམ་ཡུལ་ལས་འདས་པ་ཞིག་ལ། “ལྕི་བ་གསེར་དུ་སྒྱུར”ཐེངས་ཤིག་གིས་སྡེ་བའི་ལས་དབང་རྩ་བ་ནས་བསྒྱུར་བ་དང་། སྤུ་ལོང་སྡེ་བ་མཐོ་སྒང་གི་ཆེས་འོད་དུ་འཚེར་བའི་སྐར་ཆེན་ཞིག་ཏུ་བསྒྱུར་བར་མ་ཟད། སྐྱེ་ལྡན་ལུད་རྫས་ཐོན་ལས་ཀྱི་སྟོབས་ཤུགས་ཇེ་ཆེར་གྱུར་ནས་གྲོང་གསེབ་དར་སྤེལ་གྱི་རེ་བའི་མེ་དཔུང་ལྷེམ་མེར་སྦར།

ཟླ6པའི་ཟླ་མགོར། སྤུ་ལོང་སྡེ་བའི་ཡུམ་རྩེ་སྣང་ལུད་རྫས་ལས་སྣོན་རྟེན་གཞིར་སོང་བ་ན། དེང་རབས་ཅན་གྱི་རྣམ་པ་སྟུག་པོ་ཞིག་མིག་ལམ་དུ་མངོན་ཡོང་། འཁོར་ཁང་ནང་དུ། སྔོན་ཐོན་གྱི་འཕྲུལ་ཆས་དང་སྒྲིག་ཆས་རིམ་བཞིན་འཁོར་སྐྱོད་བྱེད་པ་དང་། འཕྲུལ་ཆས་ཀྱི་སྒྲ་ནི་གཞི་གཅིག་ཏུ་འདྲེས་ནས་འབད་བརྩོན་གྱི་རོལ་མོ་ཞིག་ཏུ་གྱུར་འདུག བསྙལ་ཟིན་པའི་ལྕི་བ་དང་རིལ་མ་དག་རེ་རེ་བཞིན་ཐོན་སྐྱེད་ལམ་ཁར་བསྐྱལ་བ་དང་། ཚགས་འདེམས་དང་གྲུག་པ། རིལ་བུར་བཟོ་བ། སྐམ་པ། འཁྱག་པ་སོགས་ཞིབ་ཚགས་ཀྱི་བཟོ་རིམ་མང་པོ་བརྒྱུད། མཇུག་མཐར་སྤུས་ཀ་དག་པའི་སྐྱེ་ལྡན་ལུད་རྫས་སུ་གྱུར། ཉི་འོད་དང་རྩྭ་དྲིས་ཁེངས་པའི“ཁ་བའི་གསེར་ནག”དང་། ཐུམ་ལེགས་པོར་བརྒྱབ་པའི་སྐྱེ་ལྡན་ལུད་རྫས་གྲལ་དག་པོར་བཞག་སྟེ། ས་གནས་སོ་སོར་བསྐྱལ་ནས་ཁོ་ཚོའི་ས་གཞི་གསོ་བར་རེ་སྒུག་བྱེད་ཀྱིན་ཡོད།

སྤུ་ལོང་སྡེ་བའི་སྐྱེ་ལྡན་ལུད་རྫས་ལ་གྲུབ་འབྲས་བཟང་པོ་བླངས་པ་དེ་ནི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་མ་དཔེ་དང་འབྲལ་ཐབས་མེད། སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས“ཏང་ཀྲི་པུའུ་དང་ལས་གཞི། འབྲོག་ཁྱིམ”བཅས་མཉམ་འབྲེལ་གྱི་བྱ་བ་སྒྲུབ་ཐབས་གསར་སྐྲུན་དང་ཁྱབ་གདལ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཐོན་སྐྱེད་འགན་ལེན་བྱས་ནས། རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར། 2023ལོར། སྤུ་ལོང་སྡེ་བས་ཀྲུང་དབྱང་གི་སྦྲེལ་མཐུད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་ལྔ་བེད་སྤྱད་ནས་དེང་རབས་ཅན་གྱི་སྐྱེ་ལྡན་ལུད་རྫས་ལས་སྣོན་རྟེན་གཞི་བཙུགས་ཏེ། སྲོལ་རྒྱུན་གྱི་ཕྱུགས་ལས་དེ་སྐྱེ་ཁམས་རིན་འཕར་དང་ཐོན་ལས་ནུས་འཕར། འབྲོག་པའི་ཡོང་འཕར་བཅས་ཀྱི་ལྗང་མདོག་གི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དུ་བཅུག

ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་མཉམ་དུ། སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་འཕེལ་རྒྱས་ལ་འཚམ་པའི་ཐབས་ལམ་སྔར་བས་འཚོལ་ཞིབ་བྱས་ཏེ། མཉམ་འདྲེས་གསུམ་སྦྲེལ་གྱི་འཕེལ་རྒྱས་མ་ལག་གསར་སྐྲུན་བྱས། ཐོན་ཁུངས་རིགས་བསྒྱུར་གྱི་སྦྲེལ་ཐག་བརྒྱུད། ཡུལ་ཚོ་ཡོངས་ཀྱི་མཉམ་ལས་ཁང་ལ་དུས་ཡུན་རིང་པོའི་གྲོས་མཐུན་བཞག་པ་དང་། ཚོང་རའི་རིན་གོང་ལྟར་ལྕི་བ་དང་རིལ་མ་སོགས་ཀྱི་མ་རྒྱུ་ཉོས་ཏེ། འཇོག་ས་ནོར་བའི་ཐོན་ཁུངས་དེ་མཐོང་ཐུབ་པའི་ཁེ་ཕན་དུ་བསྒྱུར། ལས་ཞུགས་ཡོང་འཕར་གྱི་སྦྲེལ་ཐག་བརྒྱུད། རྩལ་ནུས་གསོ་སྦྱོང་ལྟེ་གནས་བཙུགས་པ་དང་། ལག་རྩལ་ལ་མཁས་པའི་འབྲོག་པ་གསར་པ་གསོ་སྐྱོང་བྱས་ཏེ། འཁོར་ཁང་རྩྭ་ཐང་དུ་བསྐྲུན་པ་དང་ལས་རྐང་སྦྲ་གུར་འགྲམ་དུ་སྐྱེལ་བའི་རྣམ་པ་མངོན་འགྱུར་བྱུང་། ཁེ་ཕན་མཉམ་རོལ་གྱི་སྦྲེལ་ཐག་བརྒྱུད། མཐའ་སྲུང་ཁེ་སྤོགས་བགོ་བ་དང་ཕན་ནུས་ཁེ་སྤོགས་བགོ་བའི་ནང་རྐྱེན་ཁྱལ་གདལ་དུ་བཏང་སྟེ། ཁྱིམ་རེར་འགན་སྲུང་དང་ལོ་རེར་ཡོང་སྒོ་འཕར་བར་ཁག་ཐེག་བྱས།

ད་ལྟ། འབྲོག་པ་ཚོས་རང་གི་སྒོ་འགྲམ་ནས་ལག་རྩལ་གྱི་ཕོར་བ་བཟུང་ཞིང་། འཁོར་ཁང་ནང་དུ་བྲེལ་འཚུབ་ཀྱིས་ཁེངས་པ་དང་མཛོད་ཁང་དུ་རི་ལྟར་སྤུངས་པའི་ལུད་རྫས་ནི་སྤུ་ལོང་སྡེ་བའི་འགྱུར་ལྡོག་གི་བདེན་དཔང་རེད། སྔོན་ཆད་དོར་ཟིན་པའི་ལྕི་བ་དང་རིལ་མ་དེ་ད་ལྟ་ལྗང་མདོག་གི་གསེར་དུ་སྒྱར་ཏེ་རྒྱང་རིང་གི་ས་གཞི་གསོ་བཞིན་ཡོད་ལ། མཐོ་སྒང་གི་བུ་བུ་མོའི་དར་སྤེལ་གྱི་འདུན་མ་ཡང་སྐྱོང་བཞིན་ཡོད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།