ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སོང་བ་ན། ཕྱོགས་བཞི་རི་བོས་བསྐོར་བའི་ས་ཞིང་དག་སྔོ་ལྗང་ལྗང་དུ་གནས། ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་ནང་དུ་ཡོད་པའི་ནང་ཆེན་རྒྱལ་པོའི་ནས་ནག་ཝུ་ཆང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྦང་མའི་དྲི་མ་གང་སར་འཐུལ་ཞིང་། བཟོ་བ་དག་གིས་རྣམ་རིག་བསྒྲིམས་ནས་འཕྲུལ་ཆས་བཀོལ་བཞིན་ཡོད་ལ། ཤུན་པ་བཤུས་པའི་ནས་མྱུག་འཐག་ཆས་ནང་དུ་འཕངས་ནས། སྦྲང་བསྒྱུར་དང་བཙགས་པ། ནས་ཁུ་གདུ་བ། གྲང་ཆགས། བསྙལ་བ་སོགས་ཀྱི་ལས་རིམ་བརྒྱུད་རྗེས། ཕྱི་ཐུམ་མཛེས་ཤིང་ཁ་ལ་ཞིམ་པའི་ནས་ནག་ཝུ་ཆང་དམ་བེ་རེ་རེ་ཟོང་འཁོར་ནང་དུ་རྩིག་བཞིན་འདུག
ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། 2021ལོར། ནང་ཆེན་རྫོང་གིས་རང་ཡུལ་གྱི་ནས་ནག་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གཉིས་སྟོང་གཉིས་བཏང་སྟེ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1082ཡོད་པའི་ནས་ནག་ཝུ་ཆང་ཐོན་སྐྱེད་བྱེད་ཡུལ་ལས་ཤིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
རྒྱལ་པོ་ཝུ་ཆང་ནི་མདོ་དབུས་མཐོ་སྒང་ན་མང་པོ་མེད་པའི་ནས་ནག་ཝུ་ཆང་བཟོ་གྲྭའི་ཁྲོད་ཀྱི་ཡིན་པས་རང་ཡུལ་མང་ཚོགས་ཀྱི་རེ་འདུན་བཏེགས་ཡོད།
སྤྱི་ཁྱབ་ཚོང་གཉེར་པ་ཧྥུ་ཀྲན་ཧྭ་ཡིས་དང་ཐོག་བཟོ་གྲྭ་འཛུགས་སྐབས་ཀྱི་འདུན་མ་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར།“ནས་ནག་ལ་གྲང་ཐུབ་ཐན་འགོག་གི་ནུས་པ་ལྡན་པས། ནང་ཆེན་རྫོང་གི་སྲོལ་རྒྱུན་ལོ་ཏོག་ཏུ་གྱུར་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོར་ཐོན་ལས་ཀྱི་ཕྲེང་འབྲེལ་མེད་ལ་ཟུར་སྣོན་རིན་ཐང་དམའ་བས། ཞིང་པས་ལོ་ཧྲིལ་པོར་བརྩོན་པ་བསྐྱེད་རུང་ས་ཞིང་མུའུ་རེར་ཡོང་སྒོ་སྒོར་བརྒྱ་ཕྲག་འགའ་མ་གཏོགས་མེད། ང་ཚོས་ཡུལ་མི་རྣམས་ཀྱི་ནས་ནག་གི་རིན་གོང་ཤིན་ཏུ་དམའ་བ་མཐོང་ན་སེམས་སྐྱིད་པོ་ཞིག་མ་རེད། དེའི་རྐྱེན་གྱིས་ནས་ནག‘འབྲུ་རིགས’ནས‘གསེར་གྱི་ས་བོན’དུ་བསྒྱུར་ཏེ། ནས་ནག་ལ་བརྟེན་ནས་མང་ཚོགས་ཀྱི་གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་འདོད་སྐྱེས”ཟེར།
འདོད་དོན་དེ་མངོན་འགྱུར་བྱེད་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མ་རེད། ཧྥུ་ཀྲན་ཧྭ་ཡིས་གོང་གི་སྐད་ཆར་མཐུད་ནས།“ཁེ་ལས་འཕེལ་རྒྱས་ལ་གོ་རིམ་མཁོ། སྔོན་གྱི་ལོ་འདི་དག་ལ་ང་ཚོའི་ནོར་སྲིད་ཞུ་ཐོ་མི་བཟང་ལ། ང་ཚོས་ཀྱང་དེའི་རྒྱུ་རྐྱེན་བཙལ་ནས་རྙེད། དོན་དངོས་སུ་ང་ཚོས་འཚོང་བའི་རྐྱང་གོང་དང་ཁེ་སྤོགས་མི་དམའ་མོད། འོན་ཀྱང་གཏན་འཇགས་ཀྱི་འགྲོ་སོང་ཤིན་ཏུ་མཐོ་བ་དང་ཐོན་སྐྱེད་ནུས་པ་འཕར་མ་ཐུབ་པས་མ་རྩ་ཇེ་དམའ་རུ་གཏོང་མ་ཐུབ”ཟེར།
2024ལོའི་ལོ་མགོར་ཚོང་རར་རྟོག་ཞིབ་བྱས་པ་དང་བསྟུན་ནས་གནས་ཚུལ་ལ་འགྱུར་ལྡོག་བྱུང་། ཧྥུ་ཀྲན་ཧྭ་ཡིས་དཔུང་ཁག་ཁྲིད་ཅིང་ནང་ཆེན་གྱི་ནས་ནག་ཝུ་ཆང་གི་མ་དཔེ་བཟུང་སྟེ་ཀོང་ཀྲོའུ་དང་ཧྥུ་ཀྲོའུ་ཡི་ཆང་བསྙལ་ཆང་ཁང་དུ་སོང་སྟེ་ཝུ་ཆང་འོས་སྦྱོར་བྱས་པར་རྒྱལ་ཁ་ཆེན་པོ་བླངས།
“ནས་ནག་ལ་དམིགས་བསལ་གྱི་བྲོ་བ་ལྡན་པས་ཆང་བསྙལ་ཚོང་རའི་སྟེང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ”ཤེས་རྗེས་ཧྥུ་ཀྲན་ཧྭ་དགའ་སྤྲོ་ཆེན་པོ་སྐྱེས། “དེར་མཐུད་ནས་གནད་དོན་བྱུང་བ་སྟེ། ཐོན་སྐྱེད་ནུས་པ་རྗེས་མི་ཆོད་པ་དང་མངགས་ཐོ་མང་ཡང་ཐོན་སྐྱེད་བྱེད་མི་ཐུབ་པར་གྱུར།”
ནང་ཆེན་དུ་ཕྱིར་ལོག་རྗེས། ཧྥུ་ཀྲན་ཧྭ་ཡིས“2025ལོའི་ཐོན་སྐྱེད་ནུས་པ་ངེས་པར་ཏུན1200རུ་སླེབས་སུ་འཇུག་རྒྱུ་དང་། ཝུ་ཆང་དམ་བུ་རིགས་གསུམ་ཐོན་སྐྱེད་བྱེད་རྒྱུ། གཙོ་བོ་ལྕགས་ཀྲིན་རིགས་ཀྱི་དམ་བུ་འབུར་དུ་དོད་རྒྱུ་ཡིན་པས། འདི་ནི་ལྷོ་ཕྱོགས་ཚོང་རའི་སྒོ་ཆེན་ཕྱེ་སྤྱད་ཀྱི་ལྡེ་མིག་ཡིན”ཟེར།
དེས་ན་དེའི་མ་དངུལ་གང་ནས་ཡོང་བ་ཡིན་ནམ་ཞེ་ན། གྲོང་གསེབ་དར་སྤེལ་གྱི་མ་དངུལ་དང་ཤར་ནུབ་མཉམ་ལས་ཀྱི་རོགས་སྐྱོར་མ་དངུལ། ཁེ་ལས་ཀྱི་རང་གྲབས་མ་དངུལ་སོགས་ཕྱོགས་སོ་སོའི་མ་དངུལ་གཅིག་ཏུ་བསྡུས་ཏེ། 2025ལོའི་ལོ་འགོར། སྤུས་འདེགས་ཕན་འཕར་བྱུང་ཡོད་པའི་ཐོན་སྐྱེད་བྱེད་ཡུལ་བེད་སྤྱོད་བྱེད་མགོ་བརྩམས་པས། དངུལ་མདོག་གི་ལྕགས་ཀྲིན་སྐྱེལ་ཐག་སྟེང་དུ་མཚམས་མ་ཆད་པར་ཐོན།
དེ་དང་མཉམ་དུ། ལོ་འགོའི་ཀོང་ཀྲོའུ་ཀྲུའུ་ཅང་གཙང་བོ་འགྲམ་གྱི་ཝུ་ཆང་རོལ་མྱོང་འདུ་ཚོགས་སྟེང་རྒྱལ་པོ་ནས་ནག་ཝུ་ཆང་ཐེངས་དང་པོར་བཤམས། ལུས་ལ་བོད་ལྭ་གྱོན་པའི་ཆང་བཙགས་མཁན་པོས་ཡུལ་དངོས་སུ་ཆང་ལྡུག་པའི་འཁྲབ་སྟོན་བྱས་པའི་མོད་ལ་ནས་ནག་གི་དྲི་ཞིམ་གང་སར་འཐུལ། “འདི་ནི་མཚོ་འཕང་སྨི3800ཡི་ས་ཆ་ནས་ཉི་འོད་གངས་ལ་ཕོག་ནས་སྦྱིན་པའི་ལེགས་སྐྱེས་རེད”ཅེས་མདོ་འཛིན་པས་དེ་ལྟར་མཚམས་སྦྱོར་བྱས་པ་ན་ཐལ་མོ་རྡེབ་སྒྲ་གང་སར་ཁྱབ།
ཧྥུ་ཀྲན་ཧྭ་ཡིས“ང་ཚོས་ཀོང་ཏུང་ཞིང་ཆེན་གྱི་བརྒྱུད་འཚོང་པར་ཕྱིར་འཚོང་འབྲེལ་བ་བཙུགས་པ་དང་། དེའི་ནང་དུ་ང་ཚོས་ཐོན་རྫས་འདོན་སྤྲོད་དང་ཁོ་ཚོས་མ་དངུལ་འདོན་སྤྲོད་བྱེད་པ་དང་། ཕྱོགས་གཉིས་ཀས་མ་རྐང་མཉམ་འཛིན་བྱས་ཏེ་ཀོང་ཏུང་དུ་རྒྱལ་པོ་ཝུ་ཆང་ཕྱིར་འཚོང་ཀུང་སི་འཛུགས་རྒྱུ་དང་། གཙོ་བོ་ལྕགས་ཀྲིན་གྱི་རིགས་འཚོང་རྒྱུ། ལོ་ཧྲིལ་པོའི་ཕྱིར་བཙོང་དམིགས་འབེན་སྒམ83000ལ་སླེབས་དགོས་པ་སོགས་གཏན་ཁེལ་བྱས་ཏེ། ཕྱོགས་གཅིག་ནས་འཚོང་ཡུལ་གཙོ་བོར་སྐུལ་འཚོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཟོང་རྟགས་ཐད་འཚོང་ཉམས་ལེན་ཚོང་ཁང་ཕྱེ་ནས་ཡུལ་དེའི་འཛད་སྤྱོད་པར་ཝུ་ཆང་གི་ཁྱད་ཆོས་རོལ་མྱོང་བྱེད་དུ་བཅུག་སྟེ། ཝུ་ཆང་གི་སྣ་ཁ་དང་དགེ་མཚན་ལ་རྒྱུས་ལོན་དང་། ནས་ནག་ཝུ་ཆང་གི་སྙན་གྲགས་ཇེ་ཆེར་བཏང་བ་ཡིན”ཟེར།
མཚོ་འགྲམ་གྱི་ཚོང་ར་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་པ་དང་མཉམ་དུ། བཟོ་གྲྭས་རང་ཉིད་གཞིས་ཆགས་སའི་ས་གཞིའང་ནམ་ཡང་བརྗེད་མེད། ཧྥུ་ཀྲན་ཧྭ་ཡིས་དཔུང་ཁག་ཁྲིད་ནས་ཡུས་ཧྲུའུ་ཁུལ་དང་དེའི་མཐའ་འཁོར་གྱི་ས་ཆ་སོ་སོར་སོང་སྟེ་རྒྱུས་ལོན་བྱས་པས། རང་ཡུལ་གྱི་འབྲོག་མི་རྣམས་ཆང་བཅུད་ཀྱི་འདུས་ཚད་དམའ་བའི་ཝུ་ཆང་འཐུང་རྒྱུར་དགའ་བ་ཤེས། “སྲོལ་རྒྱུན་ནས་ཆང་གི་ཆང་བཅུད་འདུས་ཚད་མཐོ་བས། ང་ཚོས་ནས་ཁུ་འདུས་ཚད་ཅུང་དམའ་བའི་ཆང་བཅུད་ཞིབ་འཇུག་གསར་གཏོད་བྱས། ཤེལ་དམ་གྱི་མ་རྩ་ཅུང་དམའ་བས་རིན་གོང་ཅུང་བདེ།”ཞིབ་འཇུག་གསར་གཏོད་དཔུང་ཁག་གིས་ཉིན་མཚན་དབྱེར་མེད་དུ་འགག་སྒོ་བརྒལ་བ་དང་བསྟུན་ནས། ད་ལྟ་མཐོ་སྒང་པ་རྣམས་ལ་འཚམ་པའི་ཝུ་ཆང་རིགས་ཤིག་གསར་གཏོད་བྱས་ཡོད། ཟླ7པའི་སྔོན་དུ་གང་སར་འཚོང་རྒྱུ་ཡིན། དུས་མཚུངས་སུ། མཐའ་འཁོར་གྱི་རི་བོ་ཆེ་རྫོང་དང་ཆབ་མདོ་རྫོང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བཙོངས་ཏེ། ལོ་ཧྲིལ་པོའི་ཐོན་ཚད་མ་རྩ་ཇེ་དམའ་རུ་གཏོང་ཐུབ་པ་དང་ཕན་འབྲས་འཕར་བའི་དམིགས་འབེན་དུ་སླེབས་པར་ཁག་ཐེག་བྱ་རྒྱུ་རེད།
ཐོན་སྐྱེད་ནུས་པ་འཕར་ཞིང་རྒྱུ་ཆ་མཁོ་འདོན་ཡང་ཐོན་སྐྱེད་ཀྱི་རྗེས་ཆོད་ཡོད། ཧྥུ་ཀྲན་ཧྭ་ཡིས་བཤད་རྒྱུར། “ད་ལྟ་ཝུ་ཆང་གི་འཚོང་ཚད་འཕར་ཡོད་པས། ནས་ནག་གི་དགོས་མཁོའང་ཇེ་མང་དུ་གྱུར། ང་ཚོས་ད་ལོ་མཐའ་འཁོར་ས་ཁུལ་གྱི་ནས་ནག་ཉོ་རྩིས་ཡོད་པས། དེས་རང་ཡུལ་གྱི་འབྲོག་པ་མང་ཚོགས་ལ་ཡོང་སྒོ་མི་ཉུང་བ་ཞིག་བསྐྲུན་ཁོ་ཐག་ཡིན”ཟེར།
མུན་པ་རིམ་གྱིས་འཐིབ་པ་དང་མཉམ་དུ། ནས་ཆང་བཟོ་གྲྭའི་གློག་སྒྲོན་དག་ཀྱང་རིམ་པ་བཞིན་བཀར། དེ་ནི་གངས་ལྗོངས་མཐོ་སྒང་དུ་བཀྲ་བའི་སྐར་ཚོགས་དང་འདྲ། ཧྥུ་ཀྲན་ཧྭ་ཡིས་ནོར་སྲིད་ཞུ་ཐོ་གསར་པའི་སྟེང་གི་གྱོང་གུད་ཀྱི་ཐིག་ཤར་དེ་མཐའ་མར་ཁེ་སྤོགས་ཐོབ་པའི་གྲངས་ཀར་གྱུར་ཡོད་པ་མཐོང་ལ། འདེབས་པ་ནས་སྦྱོར་བཟོ་དང་། དེ་ནས་ཕྱིར་འཚོང་བར་དང་། མཐོ་སྒང་ནས་མཚོ་འགྲམ་བར་གྱི་ཐོན་ལས་ཕྲེང་འབྲེལ་དེས་ནས་དང་ཝུ་ཆང་བར་གྱི་མཚམས་སྦྱར་བར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་རེ་བ་དང་གྲོང་གསེབ་དར་སྤེལ་གྱི་མ་འོངས་པ་གཉིས་ཀྱང་གཅིག་ཏུ་སྦྲེལ་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།