

ཉེ་ལམ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་རྩ་འཛུགས་བྱས་པའི་པེ་ཅིན་གློག་ཤུགས་སྨན་ཁང་གི་སྐོར་སྐྱོད་སྨན་བཅོས་རུ་ཁག་སྐོར་ཐེངས་བདུན་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཡོང་ནས། ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4500ཡོད་པའི་རྨ་ཆུའི་མགོ་ཁུངས་སུ། དབྱང་རླུང་དཀོན་པའི་དཀའ་ཁག་ཁྱད་དུ་བསད་དེ། བོད་རིགས་མང་ཚོགས200ལྷག་ལ་སྨན་བཅོས་བྱས་པ་དང་། སྒོར་ཁྲི5ལྷག་གི་སྨན་སྦྱིན་བཏང་བར་མ་ཟད། ས་གནས་ཀྱི་སྨན་བཅོས་མི་སྣ12ལ་གསོ་སྦྱོང་བྱས། རྒྱལ་ཁབ་གློག་དྲའི་རོགས་སྐྱོར་བྱ་ཡུལ་ཡིན་པའི་རྨ་སྟོད་རྫོང་ནི་སྨན་བཅོས་ཐོན་ཁུངས་ལྟོས་བཅས་ཀྱིས་ཞན་པའི་རྫོང་ཁག་ཅིག་རེད། ཐེངས་འདིར་སྨན་བཅོས་རུ་ཁག་གིས་ཡུལ་དངོས་ནས་ནད་བཅོས་བྱས་པར་མ་ཟད། ས་གནས་ཀྱི་སྨན་པར་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱས་ཏེ། ས་གནས་རང་གི་སྨན་བཅོས་རུ་ཁག་ཅིག་སྒྲིག་འཛུགས་བྱས་ཡོད།


སྟོན་ཟླ་བརྒྱད་པའི་རླུང་བུ་བསིལ་ལ་གནམ་ངོ་ཐང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་རྨ་ལབ་བཞི་སྡེ་བའི་རྒན་པོ་ཆ་སྐྱིད་སྒོ་ཁ་རུ་རྒྱང་ལ་ཅེར་ནས་འདུག ན་ནིང་གི་ད་ཚོད་ལ། ཁོ་དང་ཁོའི་སྐྱ་ཡ་བྷ་བྷ་གཉིས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྨན་ཁང་དུ་སྐེད་པ་དང་རྐང་བའི་ནད་རྙིང་གསོ་བཅོས་བྱས། སྐབས་དེར་སྨན་བཅོས་བྱེད་དུ་འགྲོ་བར་ལམ་དུ་ཉིན་བཅུ་ལྷག་དགོས་པས། ལུས་ཀྱི་ཟུག་གཟེར་དང་ལམ་གྱི་དཀའ་ཚེགས་དེ་རྒན་པོ་ཁོང་གི་ཆེས་བརྗེད་དུ་མེད་པའི་ཕྱིར་དྲན་དུ་གྱུར་ཡོད།
འོན་ཀྱང་ད་ལྟ། རྒན་པོ་ཁོའི་སེམས་ཁོང་དུ་རེ་བས་བརྟས་ཡོད་དེ། “སྡེ་བའི་ནང་དུ་པེ་ཅིན་གྱི་ཆེད་མཁས་པ་སླར་ཡང་རྨ་སྟོད་དུ་སླེབས་ཡོད་པའི་བརྡ་འབྱོར་བྱུང་།”རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་པེ་ཅིང་གློག་ཤུགས་སྨན་ཁང་གི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་དེ་དུས་བཅད་ལྟར་མཚོ་འཕགས་སྨི4500ཡོད་པའི་གངས་ལྗོངས་ཀྱི་རྫོང་མཁར་ཆུང་ཆུང་འདིར་ཡོང་བ་དེ་ནི་ཁོའི་འདོད་ཐོག་ལ་བབས་པའི་རེ་ལྟོས་སུ་གྱུར་ཡོད།
ཉེ་ལམ། རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་རྫོང་དུ་འདྲིས་ཆ་ཆེ་བའི་དཔུང་སྡེ་ཞིག་སླེབས་བྱུང་། པེ་ཅིང་གློག་ཤུགས་སྨན་ཁང་གི་ཆེད་མཁས་པ་སྐོར་ཐེངས་བདུན་པ་དེ་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པའི་མཐོ་སྒང་འདིར་ཡོང་ནས། རྨ་སྟོད་རྫོང་མི་དམངས་སྨན་ཁང་དུ་ཉིན་གསུམ་རིང་བདེ་ཐང་སྲུང་བའི་བྱེད་སྒོ་སྤེལ།
རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་རོགས་སྐྱོར་རྫོང་ཡིན་པའི་རྨ་སྟོད་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད-4℃ཡིན་ལ། མི་གྲངས་ཁྲི1.45ཡོད་པའི་ཁྲོད་དུ་བོད་རིགས་མང་ཚོགས་ཀྱིས93%ཟིན་ཡོད། “2024ལོར་རྫོང་སྨན་ཁང་གི་བརྟག་བཅོས་ནད་པ་མི་ཐེངས་ཁྲི1.8ལ་ཉེ་བ་དང་། ད་ལོའི་ཉིན་གཅིག་ལ་བརྟག་བཅོས་བྱས་ཚད་མི་ཐེངས40རུ་སླེབས་ཡོད། འོན་ཀྱང་སྨན་ཁང་ཡོངས་སུ་སྨན་བཅོས་མི་སྣ21ལས་མེད་པས། ཆེས་དཀོན་པ་ནི་སྨན་བཅོས་ལག་རྩལ་མི་སྣ་རེད།”རྨ་སྟོད་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཧའེ་ཆིན་ཕིང་གི་སྐད་ཆའི་ཁྲོད་ནས་སྨན་བཅོས་རོགས་སྐྱོབ་ཀྱི་མཁོ་གལ་རང་བཞིན་ཚོར་ཡོང་ལ། “ཐེངས་འདིར་པེ་ཅིང་གློག་ཤུགས་སྨན་ཁང་གི་སྐད་གྲགས་ཆེ་བའི་ཆེད་མཁས་སྨན་པས་བརྟག་བཅོས་བྱས་པར་མ་ཟད། ད་དུང་སྨན་རྫས་རིན་མེད་དུ་སྦྱིན་པས། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀུན་གྱིས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།”
ས་གནས་ཀྱི་དགོས་མཁོར་གནད་ཁེལ་འབྲེལ་མཐུད་བྱེད་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིས་པེ་ཅིན་གློག་ཤུགས་སྨན་ཁང་དང་རྨ་སྟོད་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་མཉམ་འབྲེལ་གྱིས་སྔ་མོ་ནས་འཆར་འགོད་བྱས་པ་དང་། མཚོ་འཕགས་མཐོ་སར་མང་དུ་འབྱུང་བའི་མཐོ་སྒང་རང་བཞིན་གྱི་སྙིང་ནད་དང་རྨས་སྐྱོན། འབྱིན་རྔུབ་མ་ལག་གི་རེད་ནད་སོགས་ལ་དམིགས་ཏེ། ཆེད་དུ་སྙིང་དང་དབུགས་ལམ། རུས་པ། མོ་ནད་སོགས་ཆེད་དོན་ཚན་ཁག8ཀྱི་ཆེད་མཁས་སྨན་པ11ཅན་གྱི་དཔུང་སྡེ་བཙུགས།
རྨ་སྟོད་དུ་མ་ཡོང་གོང་ལ། པེ་ཅིང་གློག་ཤུགས་སྨན་ཁང་འབྱིན་རྔུབ་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ལི་ཧེ་མིང་གིས་ཆེད་དུ་རོགས་སྐྱོར་དུ་ཡོང་བའི་ལས་གྲོགས་རྣམས་ལ་བཅོལ་གདམས་བྱས་ཤིང་། ཞིབ་ཅིང་ཕྲ་བའི་སྒོ་ནས་ས་གནས་དེ་གར་འབྱུང་སླ་བའི་ནད་རིགས་དང་རྒྱུན་མཐོང་ནད་རིགས་ཀྱི་ཁྱད་ཆོས་གསལ་འགྲེལ་བྱས་པ་དང་། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་བརྟག་བཅོས་ཇུས་གཞི་གྲ་སྒྲིག་བྱས། “དུས་ཚིགས་འདི་ནི་རྨ་སྟོད་དུ་ཡུལ་སྐོར་པ་མང་བ་དང་། ཁོ་ཚོར་རྫ་དུག་ཕོག་པ་དང་གློ་བར་ཆུ་གསོག་སླ་བས། ང་ཚོས་སྐྱོབ་ཐབས་ཀྱི་ཉམས་མྱོང་འདི་དག་ས་གནས་ཀྱི་ལས་གྲོགས་ཚོར་ཁྲིད་ཡག་བྱེད་དགོས་ལ། ཁོ་ཚོར་སྔར་ལས་མང་བའི་ནད་པར་ཞབས་ཞུ་བྱེད་པར་རོགས་རམ་བྱེད་དགོས”ཞེས་ལི་ཧེ་མིང་གིས་དེ་ལྟར་བཤད།
རྨ་སྟོད་དུ་སླེབས་རྗེས། ཆེད་མཁས་པ་རྣམས་ཀྱིས་རང་གི་མགོ་ན་བ་དང་སྙིང་དབུགས་འཚང་བ་སོགས་ལ་མི་འཛེམ་པར། ངལ་ཅུང་ཟད་རེ་གསོས་རྗེས་མྱུར་དུ་ལས་ཀར་ཞུགས། བརྟག་བཅོས་བྱེད་སྐབས། ཁོ་ཚོས་བླ་ན་འཕགས་པའི་སྨན་བཅོས་ལག་རྩལ་དང་ལས་ལ་སྤྲོ་བའི་ངར་ཤུགས་ལ་བརྟེན་ནས་ནད་རྟགས་འདྲི་རྩད་བྱས་ནས། ངང་རྒྱུད་རིང་པོས་ནད་པའི་དོགས་པ་རེ་རེ་རྨང་ནས་སེལ་ཞིང་། ནད་པ་རྣམས་ལ་རིན་མེད་ངང་ཉེར་མཁོའི་སྨན་རྫས་སྦྱིན།
སྐོར་སྐྱོད་སྨན་བཅོས་ཀྱི་ཡུལ་དངོས་སུ། རྒན་པོ་ཆ་སྐྱིད་ལ་བསྐྱར་བརྟག་བྱེད་ཀྱིན་འདུག པེ་ཅིང་གློག་ཤུགས་སྨན་ཁང་གི་ཀྲུང་ལུགས་རུས་རྨ་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཡུས་ཁྲང་སུའེ་ཡིས་ཁོར་བརྟག་དཔྱད་ཞིབ་མོ་བྱས་པ་དང་། དྲེག་གྲུམ་རང་བཞིན་གྱི་རུས་ཚིགས་ནད་ཀྱི་ནད་རྟགས་ལ་དམིགས་ཏེ། བརྟག་བཅོས་ཡི་གེ་དང་ཉེར་མཁོའི་སྨན་རྫས་བྱིན། རྒན་པོ་ཁོར་མཚོན་ན། འདི་ནི་ཁྱིམ་གྱི་སྒོ་འགྲམ་ནས་ཐོབ་པའི་ཆུ་ཚད་མཐོ་བའི་བརྟག་བཅོས་ཤིག་ཡིན་པར་མ་ཟད། ལམ་ཐག་རིང་པོར་བགྲོད་པའི་དཀའ་ཚེགས་མྱོང་མ་དགོས་ལ། སྨན་ཡོན་ཡང་མང་པོ་གྲོན་ཆུང་བྱས་སོང་བས། བདེ་ཐང་ལ་སྲུང་སྐྱོབ་ཐོབ་ཅིང་། འཚོ་བའི་ཁག་ཁུར་ཡང་ཇེ་ཡང་དུ་བཏང་།
“ལོ་མང་པོའི་རིང་གི་ལག་ལེན་བརྒྱུད་ནས། ང་ཚོས་རྒྱུན་ཆད་མེད་པར་རོགས་སྐྱོར་བྱེད་ཐབས་གསར་སྐྲུན་བྱས་པ་དང་། རྒྱང་བསྟེན་སློབ་གསོའི་མ་ལག་བཙུགས་ཤིང་འཇོན་མི་གསོ་སྐྱོང་ཐབས་ལམ་བསྐྲུན་ལ། ནད་བཅོས་ལྗང་མདོག་བགྲོད་ལམ་བཏོད་པས། ‘གོ་རིམ་ཆ་ཚང་དང་། ཆེད་ལས་མང་བ། དྲིལ་སྒྲོག་གཙིགས་སུ་འཛིན་པ’བཅས་ཀྱི་རོགས་སྐྱོར་དོ་དམ་མ་ལག་སོགས་རྣམ་པ་གསར་པའི་སྨན་བཅོས་རོགས་སྐྱོར་མ་དཔེ་གྲུབ་པར་བྱས་ཡོད”ཅེས་པེ་ཅིང་གློག་ཤུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཞིན་ཅང་གིས་བཤད་པ་དང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་མང་ཚོགས་ལ་ཐུགས་ཁུར་གནང་བ་ཡིན་ལ། དེ་བས་ཀྱང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་རྐང་ཚུགས་པར་བྱས་ནས་ཚེ་སྲོག་དང་བདེ་ཐང་སྲུང་བ་དང་། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་པའང་ཡིན།
ཐེངས་འདིའི་སྐོར་སྐྱོད་སྨན་བཅོས་ཀྱིས“སྨན་བཅོས་བྱེད་པ་དང་སྨན་སྟེར་བ”ལས་གཞན། “ཐབས་ཤེས་ཁྲིད་པ”གཙིགས་སུ་བཟུང་ཡོད། སྙིང་ནད་ཚན་ཁག་དང་འབྱིན་རྔུབ་ཚན་ཁག་སོགས་ཚན་ཁག8ཀྱི་ཆེད་མཁས་པས་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པར་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་སྨན་བཅོས་མི་སྣར་ཆེད་ལས་སྣ་མང་དང་ཚད་ལྡན་ཅན་གྱི་གསོ་སྦྱོང་སྤེལ་ནས། ཁོ་ཚོའི་སྨན་བཅོས་ཆུ་ཚད་མཐོར་འདེགས་བཏང་ཞིང་། སྨན་བཅོས་དཔུང་སྡེ་བརྟན་པོ་ཞིག་གསོ་སྐྱོང་བྱས་ཡོད།
“ཆེད་མཁས་པའི་སྔོན་ཐོན་གྱི་གསོ་རིག་ཤེས་བྱ་ནི་ང་ཚོའི་ནད་པ་རྣམས་ཀྱི་སྨན་བཅོས་དགོས་མཁོ་དང་ཡོངས་སུ་མཐུན་པར་འདུག” རྨ་སྟོད་རྫོང་མི་དམངས་སྨན་ཁང་ནད་ཐོག་ཚན་ཁག་གི་སྨན་པ་མཱ་ཧྥུ་ཞ་ཡིས་བཤད་རྒྱུར། “ང་ཚོས་ངེས་པར་སློབ་སྦྱོང་བཟང་པོ་བྱས་ཏེ་དུས་རྒྱུན་འཚོ་བའི་ཁྲོད་ལག་ལེན་བྱེད་དགོས་པ་དང་། ས་གནས་ཀྱི་རོང་འབྲོག་མང་ཚོགས་རྣམས་ལ་སྨན་བཅོས་ལེགས་པོ་བྱེད་དགོས།”
ལོ་ངོ་བཅུ་བཞི་རིམ་གྱིས་འདས་ཏེ། “རྒྱལ་ཁབ་དྲ་བའི་སྐོར་སྐྱོད་སྨན་བཅོས”སོགས་ཀྱི་ལས་གཞི་ལས་རྨ་སྟོད་རྫོང་དུ་བསྡོམས་པས་མ་དངུལ་སྒོར་ཁྲི831.43བཏང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རྨ་སྟོད་རྫོང་གི་སྨན་ཁང3ལ་སྤུས་འདེགས་རིམ་སྤོར་བྱེད་རོགས་བྱས་ཏེ། མང་ཚོགས583ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱས་ཤིང་། མི་ཐེངས་ཁྲི1435ལ་འོས་འགན་སྨན་བཅོས་བྱས་པ་དང་། སྨན་རྫས་སྒམ་ཆུང་ཁྲི1.7བྱིན།
“2011ལོར་རྒྱལ་ཁབ་གློག་དྲ་ཀུང་ཟིས་རྨ་སྟོད་ལ་དམིགས་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་སྨན་བཅོས་རོགས་སྐྱོར་ལ་ཚད་མཐོའི་མཐོང་ཆེན་བྱས། ཁྱད་པར་དུ2019ལོར་སྐོར་སྐྱོད་སྨན་བཅོས་ལས་གཞི་མགོ་བརྩམས་རྗེས། པེ་ཅིང་གློག་ཤུགས་སྨན་ཁང་གི་ཆེད་མཁས་པས་བསྟུད་མར་ལོ་ངོ7རིང་མཐོ་སྒང་གི་དབྱང་དབུགས་དཀོན་པ་སོགས་ཀྱི་དཀའ་ཁག་རེ་རེ་གདོང་གིས་བསུས་ཏེ། ཆེད་དུ་སྨན་བཅོས་བྱེད་དུ་འོང་བ་དང་། ལུས་ཕུང་བརྟག་དཔྱད་དང་འཇོན་མིའི་གསོ་སྦྱོང་སོགས་སྤེལ་ནས། འབྲོག་པ་མང་ཚོགས་ཀྱི‘རང་ཁྱིམ་གྱི་སྒོ་ཁ་ནས་ནད་བརྟག་སྨན་བཅོས་བྱེད་པའི’རེ་འདུན་མངོན་འགྱུར་བྱས”ཞེས་རྨ་སྟོད་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྣམ་རྒྱལ་སྒྲོལ་མས་དྲིན་ཤེས་ནས་དེ་ལྟར་བཤད།
མཐོ་སྒང་གི་གློག་སྒྲོན་ཐོག་མ་བཀར་བ་ནས་བདེ་ཐང་སྲུང་སྐྱོང་བྱེད་པའི་སྨན་སྒམ་རེ་རེའི་བར། རྒྱལ་ཁབ་གློག་དྲའི་བྱམས་བརྩེའི་རོགས་སྐྱོར་ནི་རྨ་སྟོད་དུ་ནམ་ཡང་རྒྱུན་ཆད་མ་མྱོང་སྟེ། འབྲོག་པ་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བའི་དགོས་མཁོ་དངོས་ཀྱི་ཁྲོད་དུ་སིམ་ཡོད། ཐོན་ལས་ལ“ཟུངས་ཁྲག་བསྐྲུན་ནས”འཕེལ་རྒྱས་ཀྱི་རྩ་བ་བརྟན་པོར་བཏང་བ་དང་། དམངས་འཚོའི་བཟོ་བཀོད་ཀྱིས་ཀྲུང་དབྱང་ཁེ་ལས་ཀྱི་བརྩེ་བའི་དྲོད་ཁོལ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ། རྨ་ཆུའི་མགོ་ཁུངས་ཀྱི་དྲོད་ཁོལ་གྱིས་ཁེངས་པའི་གཏམ་རྒྱུད་རེ་རེ་གངས་ལྗོངས་མཐོ་སྒང་དུ་མུ་ནས་མུ་རུ་འབྲི་བཞིན་ཡོད། ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་ལེ་དབར་ཁྲི་སྟོང་གི་བར་ཐག་དེ། གོམ་པ་རེ་རེས་རོང་འབྲོག་མང་ཚོགས་ཀྱི་སེམས་གཏིང་དུ་སིམ་པར་བྱས་ཡོད།