སྡེ་བ་དང་ཁེ་ལས་མཉམ་འབྲེལ་གྱིས་གྲོང་གསེབ་དར་སྤེལ་གྱི་ཕྱུག་འགྱུར་སྒོ་མོ་མཉམ་དུ་ཕྱེས།
2025.09.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དབྱར་གཞུང་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཅ་ཏོ་པའོ་ཐོན་ལས་གླིང་ཁུལ་གྱི་ཐོག་ཁང་ཨང་རྟགས4པའི་མདུན་དུ་སོང་བ་ན།“སྤུན་ཟླ་རླངས་འཁོར་ཞིག་གསོ་བཟོ་གྲྭའི”སྒོ་བྱང་གསལ་ལེར་མཐོང་། འཕྲིན་ལས་ནི་བྱེས་བགྲོད་རླངས་འཁོར་ཞིག་གི་འགྲམ་དུ་ཙོག་པུར་བསྡད་ནས། བློ་རྩེ་གཅིག་སྒྲིམ་སྒོས་དགེ་རྒན་གྱིས་བང་སྒྱུར་སྒྲིག་ཆས་གཏོར་བ་དང་སྒྲིག་ཚུལ་ལ་ལྟ་བཞིན་ཡོད་ལ། ལས་གོས་ལ་སྣུམ་སྙིགས་ཀྱིས་སིམ་ཡང་མིག་ནང་དུ་འོད་སྣང་གིས་ཁེངས་ཡོད།

“ང་ནི་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་སྡེ་ཉིང་དགེ་སྡེ་བའི་འབྲོག་པ་ཞིག་ཡིན། ང་ཚོ་མཁར་དབུས་སྡེ་བར་གཏོགས་པས་སྔོན་ཆད་གླ་བརྒྱབ་ནས་སྡུག་མི་ཉུང་བ་ཞིག་མྱངས་ཀྱང་ཡོང་སྒོ་ཉུང་། ད་ལྟ་ཁྱིམ་གྱི་སྒོ་ཁ་ནས་ལག་རྩལ་སློབ་པ་དང་གླ་ཕོགས་ལེན་ཐུབ་པས། འཚོ་བ་ནི་སྐལ་བཟང་མེ་ཏོག་ལྟར་ལྷམ་མེར་བཞད་ཡོད།”ཅེས་འཕྲིན་ལས་ཡར་ལངས་ཏེ་སྐྱེངས་འཛུམ་དང་བཅས་དེ་ལྟར་བཤད།

འཕྲིན་ལས་ལ་རེ་བ་བསྩལ་བའི་གནས་འདིར། སྡེ་ཉིང་དགེ་སྡེ་བའི“ཨུ་ལྷན་གཉིས”ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་འཚོལ་ཞིབ་བྱས་པའི་བློ་གྲོས་ཡོད།

2024ལོར། “ང་ཚོའི་ཉེ་འཁོར་གྱི་སྡེ་བ་འགར་སྒེར་འཁོར37ཇེ་མང་དུ་སོང་མོད། འོན་ཀྱང་གྲོང་ཁྱེར་ནང་ཁུལ་དུ་རླངས་འཁོར་ཞིག་གསོ་བཟོ་གྲྭ4ལས་མེད།”སྡེ་ཉིང་དགེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་མཐུ་སྟོབས་ཀྱིས་བརྟག་ཞིབ་ཟིན་ཐོ་ལག་ཏུ་བཟུང་སྟེ། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚོགས་ཐོག་ཏུ་ཅོག་ཙེ་རྡུང་བཞིན་བཤད་རྒྱུར། “འདིར་ཚོང་མེད་པ་མ་རེད། ལས་ཀ་ལས་སའི་གནས་ཤིག་མེད་པ་རེད”ཟེར།

སྐབས་དེར། བསོད་ནམས་མཐུ་སྟོབས་ཀྱིས་ཏག་ཏག་སྡེ་བའི་ལས་བྱེད་པའི་མགོ་ཁྲིད་ནས་ཟླ་ཕྱེད་ལྷག་གི་རིང་ལ་ཚོང་རར་བརྟག་ཞིབ་བྱས། ཁོ་ཚོ་ཡུས་ཧྲུའུ་གྲོང་ཁྱེར་ཡོངས་ལ་སོང་བ་ན། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན། ཡུས་ཧྲུས་གྲོང་ཁྱེར་གྱི་རླངས་འཁོར་གྱི་ཁ་གྲངས་ཀྱང་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་མོད།  ཞིག་གསོ་བྱེད་ས་ཉུང་བ་དང་ལག་རྩལ་པ་དཀོན་པའི་གནད་དོན་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པ་ཤེས་རྟོགས་བྱུང་། དེ་ལས་ཀྱང་ན་གཞོན་ཚོ་སྒོ་ཕྱི་རུ་ཞོར་ལས་སུ་འགྲོ་བའམ་ཡང་ན་རྩྭ་ས་བསྲུངས་ནས་ཟ་མ་ཟ་བཞིན་ཡོད་པ་ལས། ལག་རྩལ་བསླབས་ནས་འཚོ་བ་རོལ་རྒྱུ་དེ་ཤིན་ཏུ་ཁག་པོར་གྱུར་འདུག་པ་དེ་ཁོའི་སེམས་ཁུར་ཆེ་ཤོས་སུ་གྱུར།

“འུ་ཚོའི་ཅ་ཏོ་པའོ་ཐོན་ལས་གླིང་ཁུལ་གྱི་ཐོག་ཁང4པ་སྟོང་བར་བསྐྱུར་བ་ལས་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་གཉེར་ན་མི་བཟང་ངམ”ཞེས་སྡེ་ཉིང་དགེ་སྡེ་བའི་ཧྲུའུ་ཅི་གཞོན་པ་ལྷག་པ་བཀྲ་ཤིས་ཀྱིས་སྐད་ཆ་དེ་བཤད་མ་ཐག   བསོད་ནམས་ཐུབ་སྟོབས་ཀྱིས“ང་ལའང་བསམ་ཚུལ་དེ་འདྲ་ཡོད། དེ་ལྟར་བྱས་ན་ང་ཚོས་རང་དགར་བསྐྱུར་བའི་ཐོན་ལས་ཤིག་བེད་ཆོད་པ་རེད”ཅེས་བཤད།

དེའི་རྗེས་ཀྱི་ཉིན་འགར། བསོད་ནམས་མཐུ་སྟོབས་ཀྱིས་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དེ་ཡུས་ཧྲུའུ་ཁུལ་གྱི་རླངས་འཁོར་ཞིག་གསོ་བྱེད་སའི་ཁེ་ལས་ཚང་མར་སོང་མཐར། ཡུས་ཧྲུའུ་ཁུལ་གྱི་སྤུན་ཟླ་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་སི་བློར་བབས།

ཡུས་ཧྲུའུ་ཁུལ་སྤུན་ཟླ་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་སིའི་ཞིག་གསོ་འཁོར་ཁང་དུ། ཡོ་བྱད་འགེལ་སའི་གྱང་དང་ཚད་ལྡན་གྱི་ལས་ཀའི་སྒྲིག་རིམ། གཞན་ད་དུང་གཅིག་གྱུར་གྱི་ལས་གོས་གྱོན་པའི་ལག་རྩལ་པས་ལས་ཀ་ལས་བཞིན་པ་བཅས་མཐོང་ཐུབ། བསོད་ནམས་མཐུ་སྟོབས་ཀྱིས་བཤད་རྒྱུར། “འདི་ཚང་ལ་རིམ་པ་གཉིས་པའི་ཞིག་གསོའི་ལས་ཐོབ་ཡོད། ཁུལ་སྲིད་གཞུང་དང་སློབ་གསོ་ཅུས་སོགས་ལས་ཁུངས་མང་པོའི་རླངས་འཁོར་གནས་འདིར་ཞིག་གསོ་བྱེད་བཞིན་ཡོད་པས་བློ་གཏད་ཆོག”ཟེར།

བསོད་ནམས་མཐུ་སྟོབས་ཀྱིས་ཁེ་ལས་ཀྱི་འགན་འཁུར་བ་དབྱང་ཧུའུ་ཡི་ལག་པར་འཇུས་ཏེ་མཉམ་འབྲེལ་གྱི་བསམ་ཚུལ་བཤད་པ་ན། ངོ་གདོང་ཅུང་ནག་པའི་རྒྱ་རིགས་ཕོ་གསར་དེར་དགའ་སྣང་ཞིག་སྐྱེས་ཏེ་བཤད་རྒྱུར། “ཧྲུའུ་ཅི་བསོད་ལགས། དྲང་མོར་བཤད་ན་ངས་ཀྱང་ཞིག་གསོ་བྱེད་ས་རྒྱ་བསྐྱེད་པར་བསམ་བློ་གཏོང་བཞིན་ཡོད། ཁྱོད་ཚོར་ས་གནས་ཡོད་ལ་ང་ཚོར་ལག་རྩལ་ཡོད། དེ་ལས་ཀྱང་གཙོ་བོ་ཞིག་ནི་ང་ཡུས་ཧྲུའུ་རུ་ཡོང་ནས་ལོ་མང་པོ་འགོར་སོང་བས། ཡུས་ཧྲུའུ་ཡི་ཡུལ་མི་རྣམས་ལ་ཕན་པ་ཞིག་བསྐྲུན་འདོད”ཟེར།

དེའི་རྗེས་ཀྱི་ཉིན་འགའི་ནང་དུ། བསོད་ནམས་མཐུ་སྟོབས་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་འབད་བརྩོན་འོག སྡེ་ཉིང་དགེ་སྡེ་བས་སྤུན་ཟླ་རླངས་འཁོར་ཞིག་གསོ་བཟོ་གྲྭ་དང་སྡེ་བའི་ཁེ་ལས་མཉམ་ལས་ཀྱི་ལས་གཞི་དེ་གྲོང་གསེབ་དར་སྤེལ་གྱི་ལས་གཞི་མཛོད་དུ་བཞག་པར་མ་ཟད། ཡུས་ཧྲུའུ་གྲོང་ཁྱེར་ཞིང་ཕྱུགས་ཚན་རྩལ་ཅུས་ལ་འབྲེལ་གཏུག་དང་བརྗེ་རེས་གང་མང་བྱས་མཐར། ལས་གཞི་བདེ་བླག་ངང་དོན་ཐོག་ཏུ་འཁྱོལ་ཐུབ་པར་གྱུར།

2025ལོའི་དཔྱིད་ཀར། ཡུས་ཧྲུའུ་གྲོང་ཁྱེར་གྱི་མགོ་ཁྲིད་ཀྱིས་བདེན་དཔང་བྱས་འོག སྡེ་ཉིང་དགེ་སྡེ་བ་དང་སྤུན་ཟླ་ཀུང་སི་གཉིས་ཀྱིས་དངོས་སུ་གན་རྒྱ་བཞག སྡེ་ཉིང་དགེ་སྡེ་བས་མ་དངུལ་སྒོར་ཁྲི100ཡི་རླངས་འཁོར་ཞིག་གསོ་སྒྲིག་ཆས་ཉོས་ཏེ། རླངས་འཁོར་ཞིག་གསོ་ལྟེ་གནས་འཛུགས་སྐྲུན་ཁྲོད་ཞུགས། བསོད་ནམས་མཐུ་སྟོབས་ཀྱིས་བཤད་རྒྱུར། “སྡེ་བའི་ཐུན་མོང་གིས་སྒྲིག་ཆས་མ་རྐང་དུ་བཞག་པ་ལས་ལས་གཉེར་བྱེད་ཀྱིན་མེད། ལོ་རེར་མ་མཐའ་ཡང་སྒོར་ཁྲི6གི་ཁེ་སྤོགས་བགོ་ཐུབ། ལོ་བཅུའི་རྗེས་སུ་སྒྲིག་ཆས་ཇི་བཞིན་དུ་ཕྱིར་སྤྲོད་ངེས། དེ་ལྟར་བྱས་ན་སྡེ་བར་ཉེན་ཁ་ཆུང་ལ། བརྟན་འཇགས་ཀྱི་ཡོང་སྒོ་ཁག་ཐེག་བྱེད་ཐུབ”ཟེར།

ཟླ4པའི་ཚེས20ཉིན། སྤུན་ཟླ་རླངས་འཁོར་ཞིག་གསོ་བཟོ་གྲྭ་བདེ་བླག་ངང་སྒོ་ཕྱེ་པར། མཐའ་སྐོར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། བསོད་ནམས་མཐུ་སྟོབས་ཀྱིས་བཤད་རྒྱུར། “རླངས་འཁོར་ཞིག་གསོ་བཟོ་གྲྭ་འདི་སྡེ་བ་དང་ཁེ་ལས་མཉམ་འབྲེལ་གྱི་མ་དཔེར་འགྱུར་དགོས་ན། སྒོར་མོ་བཙལ་དགོས་པར་མ་ཟད་ཚང་མར་ལག་རྩལ་ཡང་ཁྲིད་དགོས། རླངས་འཁོར་ཞིག་གསོ་བཟོ་གྲྭས‘གཞུང་ལུགས+ལག་ལེན’གྱི་གསོ་སྦྱོང་མ་དཔེ་བརྒྱུད། ལོ་རེར་ང་ཚོ་སྡེ་ཉིང་དགེ་སྡེ་བར་ཆེད་དུ་རླངས་འཁོར་ཞིག་གསོ་འཇོན་མི་གསོ་སྐྱོང་བྱས་པ་དང་། དུས་མཚུངས་སུ། སྡེ་བར་ལས་རྐང8མཁོ་སྤྲོད་བྱས་ཡོད”ཟེར།

འཕྲིན་ལས་ནི་གནས་འདིའི་སློབ་མ་དང་པོར་གྱུར། “འཕྲིན་ལས། འགྱིག་འཁོར་དོ་མི་མཉམ་པས། ཡང་བསྐྱར་སྙོམས་སྒྲིག་བྱེད་རོགས ”ཞེས་དགེ་རྒན་གྱིས་དེ་ལྟར་བཤད་བྱུང་།  འཕྲིན་ལས་ཀྱིས་དེ་མ་ཐག་དོ་སྙོམས་འཕྲུལ་ཆས་ཀྱི་ལག་དེབ་ཏུ་བཀོད་པའི་གཞི་གྲངས་ལྟར་སྙོམས་སྒྲིག་བྱས། སྔོན་ཆད་ཞོར་ལས་ཙག་ཙིག་བྱེད་མཁན་གྱི་ཕོ་གསར་དེས། ད་ལྟ་འཕྲུལ་སྣུམ་བརྗེ་བ་དང་འགྱིག་འཁོར་སྦྱོར་བ་སོགས་ཀྱི་རྨང་གཞིའི་ལས་ཀ་རང་ཉིད་གཅིག་པུས་བསྒྲུབ་ཐུབ་པས། ཟླ་སྔོན་མར་གླ་ཕོགས་སྒོར2000ལོན་པར་མ་ཟད་ད་དུང་ཕ་མ་གཉིས་ལ་ལྭ་བ་གསར་པ་རེ་ཉོས།

འཕྲིན་ལས་ཀྱིས་ལག་པའི་སྟེང་གི་སྣུམ་སྙིགས་ཕྱི་ཞོར་དུ་བཤད་རྒྱུར། “སྲིད་གཞུང་གིས་ང་ཚོར་འདི་འདྲའི་ལས་སྟེགས་བཟང་པོ་ཞིག་མཁོ་སྤྲོད་བྱས་པར་བཀའ་དྲིན་ཆེ། གཅིག་ནས་ལག་རྩལ་སློབ་ཐུབ་ལ་གཉིས་ནས་གླ་ཕོགས་ཀྱང་ལེན་ཐུབ་པས། འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས་རེད”ཟེར།

ད་ལྟ། བསོད་ནམས་མཐུ་སྟོབས་ཀྱི་ཟིན་བྲིས་སྟེང་དུ་སླར་ཡང་འཆར་གཞི་གསར་པ་ཞིག་བཀོད་ཡོད་དེ། རླངས་འཁོར་གྱི་ལྷུ་ལག་ནང་འདྲེན་དང་ཕྱིར་ཚོང་བྱེད་པ། ཁ་ལོ་བ་གསོ་སྦྱོང་བྱེད་རྒྱུ་བཅས་རེད། ཁོས་ཐོན་ལས་གླིང་ཁུལ་གྱི་འཆར་འགོད་རི་མོ་སྟོན་བཞིན་སྡེ་བའི་ལས་བྱེད་པར་བཤད་རྒྱུར། “རླངས་འཁོར་ཞིག་གསོ་ཞབས་ཞུའི་ཐོན་ལས་སྦྲེལ་ཐག་འདི་འགྲུབ་ན། འུ་ཚོ་སྡེ་བའི་གནས་ཚུལ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས”ཟེར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།