ཟས་ཞིམ་པོས་ཚེ་མཇུག་སྐྱིད་ལ་རོལ།། རིགས་སོ་སོའི་རྒན་རྒོན་དགའ་ལྷང་ལྷང་།།
2025.10.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གུང་ཟས་ལ་རོལ་བཞིན་པ། 

ཉེ་ལམ།   ཉིན་གུང་དྲོས་ཇ་འཐུང་བའི་སྐབས་སུ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་ལོ་ལོན་བདེ་སྐྱིད་གསོལ་ཁང་དུ་ཐོན་པ་ན། སྣ་ལམ་དུ་ཟ་མའི་དྲི་ངད་ཞིམ་པོ་ཞིག་འཐུལ་ཡོང་། གསོལ་ཁང་གི་ལས་མི་དག་གིས་རྐང་ལག་བདེ་མྱུར་གྱི་སྒོ་ནས་གར་སླ་འཚམ་པོའི་འཇམ་མཉེན་གྱི་གྲོ་ཚག་ཐུག་པ་ཁྱེར་ཡོང་བ་དང་། འཁོད་ཚག་ཏུ་བཙོས་པའི་རླངས་སྒམ་ནང་ནས་ཚ་རླངས་ཐུ་ལུ་ལུ་འཕྱུར་བའི་ཚོད་མ་འགའ་བླངས་ཤིང་། ཟས་ཞིམ་རེ་རེ་བཞིན་སྡེར་མའི་ནང་གང་འཚམ་དུ་བཅུས་ནས་སྡེར་ཁ་བསྒྲིག་སའི་གསོལ་ཅོག་རེ་རེའི་མདུན་དུ་སྐྱེལ་བཞིན་ཡོད།  སྐབས་དེར། རྒྱ་རིགས་དང་ཧོས་རིགས། བོད་རིགས་བཅས་ཀྱི་རྒན་རྒོན་རྣམས་སྔ་མོ་ནས་གསོལ་ཅོག་གི་མཐའ་བསྐོར་ནས་བསྡད་ཡོད་པས། གནས་དེ་ནི་མི་རིགས་སོ་སོའི་མང་ཚོགས་རྣམས་ཡིད་སེམས་སྐྱིད་པོའི་ངང་མཉམ་འཛོམས་བྱེད་སའི་སེམས་སྦྲེལ་ཟམ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།

“གཡུ་མཚོ། ཉེ་ལམ་ལུས་ཕུང་བདེ་མོ་ཡིན་ནམ།”ཞེས་རྒྱ་རིགས་ཨ་ནེ་ཀྲོའུ་ལི་རང་གི་འགྲམ་དུ་ཡོད་པའི་བོད་རིགས་ཨ་ཡེ་རྒན་མོ་དེའི་ཉེ་སར་བཅར་ནས་སྐད་དམའ་མོས་དེ་ལྟར་དྲིས།

གཡུ་མཚོ་ཡིས་འཛུམ་གྱིས“བཀའ་དྲིན་ཆེ། བཀའ་དྲིན་ཆེ།”ཞེས་ལན་བཏབ་ཅིང་། མིག་གིས་ཟུར་གཞོགས་ལ་བལྟས་ནས། “ཉེ་ལམ་ལུས་ཕུང་མི་བདེ་རྒྱུ་མི་འདུག མནའ་མས་ད་རུང་ཚ་བོ་ཁྲིད་ནས་ང་ལ་བལྟ་རུ་ཡོང་བས། སེམས་ཀྱང་ཧ་ཅང་སྐྱིད་ཀི”ཞེས་བཤད།  སྐད་ཆ་བཤད་པའི་བར་ནས། ཀྲོའུ་ལི་ཡིས་ད་རུང་དཀར་ཡོལ་དང་ཐུར་མ་ཁོ་མོར་བྱིན། འཚམས་འདྲི་སྟབས་བདེ་ཞིག་དང་དཀར་ཡོལ་དང་ཐུར་མ་སྟེར་བའི་བྱ་སྤྱོད་ཙམ་གྱིས་ཀྱང་མི་རིགས་མི་འདྲ་བའི་རྒན་པ་རྣམས་ཀྱི་སེམས་པ་ཕན་ཚུན་མཉམ་གཅིག་ཏུ་དམ་པོར་སྦྲེལ་ཡོད་པ་གསལ་བོར་རྟོགས་ཐུབ།

རྒས་ན་བརྟེན་ས་ཡོད་པ་དང་རྒས་ན་གསོ་མཁན་ཡོད་པ་ཞེས་པའི་འདུ་ཤེས་ཅི་ཐུབ་ཀྱིས་རྒྱུན་འཁྱོངས་བྱས་ཏེ། གཅན་ཚ་རྫོང་དམངས་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་རྒན་གཅེས་བདེ་སྐྱིད་གསོལ་ཁང་འདི་བསྐྲུན་པ་རེད། མིག་མདུན་གྱི་ཟས་ཞིམ་ལ་ཅི་དགར་རོལ་བའི་དྲོད་སྐྱིད་འཛོམས་པའི་རྣམ་པ་དེར་ལྟ་བཞིན། གསོལ་ཁང་གི་འགན་ཁུར་པ་ཀྲང་ཚའེ་ཡིས་བཤད་རྒྱུར། ང་ཚོས་ཉིན་རྒྱུན་རྫོང་ཡོངས་ཀྱི་ལོ་ན60ཅན་དང་དེའི་ཡན་གྱི་རྒན་པ་དག་ལ་རིན་མ་བླངས་པར་གུང་ཟས་མཁོ་འདོན་བྱེད་ཀྱིན་ཡོད། ཉིན་རེ་རེར་ཟ་མ་ཟ་རུ་ཡོང་མཁན་གྱི་རྒན་རྒོན100ལྷག་ཙམ་མཆིས། ཚལ་ཟས་ཀྱི་སྣ་ཁ་གཟའ་འཁོར་གཅིག་གི་ནང་བསྐྱར་ཟློས་མེད་ལ། ཚ་ཚལ་དང་གྲང་ཚལ་སྡེབ་སྒྲིག་གང་འཚམ་བྱས་ཡོད་ཅིང་། ཤ་རིགས་སྔོ་ཚལ་སོགས་དམར་ཟས་དང་དཀར་ཟས་ཀྱང་ལུགས་མཐུན་སྒོས་སྡེབ་སྒྲིག་བྱས་ཏེ་འཚོ་བཅུད་དོ་སྙོམས་ཡོང་བར་བྱས་ཡོད་ལ། རྒན་པ་ཚོར་རན་ཞིང་འཚམ་པའི་ཟས་ཀྱི་བྲོ་རྫས་ཉུང་བ་དང་སྣུམ་ཉུང་བ། མངར་ཆ་ཉུང་བ། ཚྭ་ཉུང་བ་བཅས་ཀྱི་གཡོས་སྦྱོར་བྱེད་སྟངས་ལ་དོ་སྣང་བྱེད་ཀྱིན་ཡོད། དཔེར་ན་དེ་རིང་གི་གུང་ཟས་དང་འདྲ་བར་ཕོ་བ་ལ་དྲོད་བསྐྱེད་པའི་གྲོ་ཚག་ཐུག་པ་དང་། ཞོག་ཁོག་གི་ཚོད་མ་བཅོས་ཡོད་པ་ལས་གཞན། ད་དུང་སྒོག་ཐུར་ཤ་བརྔོས་དང་ཚལ་ཀྭ་བརྔོས་མ། ཧོང་ཀྭ་གྲང་ཚལ་སོགས་ཀྱང་ལས་ཡོད་པ་ལྟ་བུ། འདི་དག་ཚང་མ་རྒན་པ་ཚོས་རྒྱུན་དུ་བཤད་པའི་རང་ཁྱིམ་གྱི་ཟས་ཀྱི་བྲོ་བ་དང་གཅིག་མཚུངས་ཡིན་ཟེར།

བོད་རིགས་རྒད་པོ་ཤ་བོ་ཚེ་རིང་གིས་གྲོ་ཚག་ཐུག་པ་དཀར་ཡོལ་གང་འཐུང་ཚར་མ་ཐག  ཡང་བསྐྱར་ཕོར་པ་གཅིག་བཟེད་དེ་བླུགས་ཡོང་། ཁོས་འཐུང་ཞོར་དུ་སེམས་འགུལ་ཐེབས་པའི་ངང་ངའི་བུ་ཕྲུག་དག་རང་གི་གམ་དུ་མེད་པ་དང་། རང་ཉིད་ཀྱིས་ཟ་མ་བསྐོལ་ན་དཀའ་ལས་ཆེན་པོ་ཡོད། ཡིན་ཡང་རྒན་གཅེས་བདེ་སྐྱིད་གསོལ་ཁང་འདི་འཛུགས་སྐྲུན་བྱས་པ་ནས་བཟུང་རྒྱུན་དུ་གྲོགས་པོ་ཚོ་དང་མཉམ་དུ་ཟས་ཟ་མ་ཚ་འདེ་ཟ་ཐུབ་པས། སེམས་ལ་སྨྲ་མི་ཤེས་པའི་སྤྲོ་སྐྱིད་ཀྱིས་ཁེངས་ཡོང་བཤད་མ་ཐག ཁོས་ལག་གི་ཐུར་མ་མར་བཞག་ནས། ཁ་ཤའི་ཟུར་འགྲམ་ལེགས་པོར་ཕྱིས་པ་དང་། གདོང་ལ་ཡིད་ཚིམས་པའི་ཉམས་ཀྱིས་ཁེངས་འདུག

ཀྲང་ཚའེ་ཡིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན།  གསོལ་ཁང་འདི2021ལོའི་ཟླ9པའི་ཚེས7ཉིན་ཕྱེས་པ་ཡིན་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གི“དམངས་སེམས་དྲོན་མོ”ཞེས་པའི་ལོ་ལོན་རྒན་པར་ཟ་མས་རོགས་བྱེད་པའི་འགུལ་སྐྱོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ཏེ།  ཇ་ཁང་ཆུང་བ་དང་དམངས་འཚོ་ཆེ་བ་ཞེས་པ་ངེས་གནས་སུ་བྱས་ཤིང་། གཅན་ཚ་རྫོང་ནང་ཁུལ་གྱི་ལོ་ལོན་བདག་མེད་དང་ཁེར་འདུག ལོ་ན་མཐོ་བ། ངལ་རྩོལ་བྱེད་པའི་ནུས་པ་མེད་པའི་མི་རིགས་སོ་སོའི་རྒན་པ་རྣམས་དང་དབང་བོ་སྐྱོན་ཅན་ལ་དམ་པོར་དམིགས་ནས། སྤུས་ཀ་ལེགས་ཤིང་ཕན་འབྲས་མཐོ་བའི་ལོ་ལོན་རྒན་པར་ཟ་མས་རོགས་བྱེད་པའི་གསོལ་ཁང་བསྐྲུན་པ་བརྒྱུད་དེ་ཁ་མིན་དོན་གྱིས་ཁོ་ཚོའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད།

ཀྲང་ཚའེ་ཡིས་བཤད་རྒྱུར། མི་རིགས་སོ་སོའི་ལོ་ལོན་རྒན་པ་རྣམས་ལ་བཟའ་བཏུང་སྐྱིད་པོ་ཞིག་ལོངས་སྤྱོད་དུ་འཇུག་ཆེད། གསོལ་ཁང་གིས་ཚལ་རིགས་སྣ་ཁའི་ཐོག་ནས་མི་རིགས་མི་གཅིག་པའི་བཟའ་བཏུང་གོམས་གཤིས་ལ་གང་ལེགས་ཀྱིས་བསྟུན་ནས་བརྩི་འཇོག་ལྟ་རྟོག་བྱེད་ཀྱིན་ཡོད་པ་དང་། གཟའ་འཁོར་རེ་རེར་ཧོས་རིགས་རྒན་པ་རྣམས་ཟ་རྒྱུར་དགའ་བའི་སྣུམ་བྱུག་ལེབ་མ་དང་གོ་རེ་སོག་སོག་བསྒྲིགས་ཡོད་པར་མ་ཟད། བོད་རིགས་རྒན་པོ་རྣམས་བཟའ་བར་དགའ་བའི་ལུག་ཤ་བཙོས་མ་དང་རྩམ་པ། འོ་ཇ་མངར་མོ་བཅས་ཀྱང་ཡོད་ལ། རྒྱ་རིགས་རྒན་པ་རྣམས་ཟ་རྒྱུར་གོམས་པའི་འབྲས་སྐྱ་དང་བརྔོས་ཚལ་སྣ་ཚོགས་ཀྱང་རྒྱུན་དུ་ཆད་ཀྱིན་མེད། གནས་འདི་གར། རྒན་པ་རྣམས་ཀྱིས་ཟ་མ་ཞིམ་པོ་ཟ་ཐུབ་པར་མ་ཟད། ཟས་ཅོག་གི་མཐའ་བསྐོར་ནས་ཟ་ཞོར་དུ་ཕན་ཚུན་བར་ཁ་བརྡ་སྐྱིད་པོ་བྱས་ཏེ། ཕན་ཚུན་བར་གྱི་འབྲེལ་ཐག་སྔར་ལས་ཇེ་ཉེར་གཏོང་ཐུབ། ཟས་རིགས་གང་མང་གི་དྲི་ཞིམ་ཁྲོད་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་དྲོན་མོས་ཁེངས་པས། ལོ་ལོན་རྒན་པའི་གསོལ་ཁང་འདི་ཡང་མི་རིགས་མང་པོའི་རྒན་པ་རྣམས་ཀྱིས་མཛའ་མཐུན་གྱི་བརྩེ་བ་མཉམ་གླེང་བྱེད་པའི་བདེ་སྐྱིད་ཀྱི་ས་ཚིགས་ལྟ་བུར་གྱུར་ཡོད།

ད་ལྟ་གསོལ་ཁང་དུ་ལས་མི39ཡོད་ཅིང་། དེའི་ནང་དུ་ཧོས་རིགས་དང་བོད་རིགས། རྒྱ་རིགས་སོགས་ཀྱི་མི་རིགས་དུ་མ་ཡོད། ལས་མི་ཚང་མས་ལས་རྐང་ལ་མ་ཞུགས་གོང་དང་ལས་གནས་ལ་ཞུགས་མ་ཐག་ཐེངས་གང་མང་ལ་ ཆེད་ལས་གསོ་སྦྱོང་བྱས་མྱོང་བས། ཞབས་ཞུའི་རྩལ་ནུས་ལ་བྱང་ཆ་དང་ལྡན་ཞིང་། ཞབས་ཞུའི་བྱང་ཚད་མཐོ་ལ།  ཚང་མར་བདེ་ཐང་ལག་ཁྱེར་དཔང་ཡིག་དང་རྩལ་ནུས་ཚད་ལྡན་དཔང་ཡིག་ཀྱང་ཡོད།

ཁོ་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ལྷག་བསམ་ཟོལ་མེད་ཀྱིས་རྒན་པ་རེ་རེར་ཞབས་འདེགས་ཞུ་བཞིན་ཡོད་དེ། གསོལ་ཁང་དུ་ཡོང་བའི་རྒན་པ་རྣམས་ཀྱི་ཟ་མའི་དགོས་མཁོར་འགན་ལེན་བྱེད་པ་ལས་གཞན། ད་དུང་བདེ་སྐྱིད་གཞིས་ཁུལ་དུ་བསྡད་ཡོད་ཀྱང་གསོལ་ཁང་དུ་ཡོང་མི་ཐུབ་པའི་ལོ་ལོན་རྒན་པ207ལ་རིན་མེད་པར་ཟ་མ་སྐྱེལ་བའི་ཞབས་ཞུ་བཟང་པོ་མཁོ་འདོན་བྱེད་ཀྱིན་ཡོད།

ཉིན་རྒྱུན་ཟ་མ་སྐྱེལ་བའི་སྐབས་སུ། ཟ་མ་སྐྱེལ་མཁན་གྱིས་སྔོན་ལ་རྒན་པ་རྣམས་ཀྱི་མི་རིགས་བཟའ་བཏུང་གོམས་གཤིས་ལ་གཞིགས་ནས་ཟ་མ་སོ་སོར་དབྱེ་སྒྲིག་བྱེད་པར་མ་ཟད། དྲོད་སྲུང་ཁུག་མ་ཡག་པོར་བསྐོན་ནས། རྒན་པ་རྣམས་ཀྱིས་ཟ་མ་ཚ་འདེ་ཟ་ཐུབ་པར་འགན་ལེན་བྱེད་ཀྱིན་ཡོད།  དེ་མིན་ད་རུང་ཟ་མ་སྐྱེལ་མཁན་གྱིས་འགྲོ་ཞོར་དུ་སྒོ་ཁའི་གད་སྙིགས་ཁུག་མ་འཁྱེར་རོགས་བྱས་ཏེ། ཞིམ་ཟས་དྲོན་མོ་ཞིག་སྐྱེལ་བའི་ཞོར་ལ་ཡིད་སེམས་དྲོད་སྐྱིད་ལྡན་དུ་འཇུག་སྲིད།

ཀྲང་ཚའེ་ཡིས་བཤད་རྒྱུར། འདི་ལྟ་བའི་ཞུབས་ཞུ་བཟང་བོས་ལོ་ལོན་རྒན་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་བསྐྱེད་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་རྩ་བ་ཚུགས་སུ་བཅུག་ཡོད།  དེས་མི་ཚད་ང་ཚོས་ད་རུང་ཐུན་མོང་གི་ཟ་མ་དེ་ཐུན་མོང་གི་མཛའ་བརྩེ་རུ་འགྱུར་བར་བྱེད་པ་དང་། དམངས་འཚོ་ཞབས་ཞུ་དང་མི་རིགས་མཐུན་སྒྲིལ་གཉིས་ཀ་མཉམ་འབྲེལ་ཟབ་མོ་ཡོང་བར་བྱེད་དགོས་ཟེར།

ཟླ་མཆོད་དུས་ཆེན་དང་དཔྱིད་གསར་དུས་ཆེན་སོགས་སྲོལ་རྒྱུན་གྱི་དུས་ཆེན་སྐབས་སུ། རྒན་པ་རྣམས་གསོལ་ཁང་ནང་མཉམ་དུ་འཛོམས་ནས་སྤྲོ་དགའི་ངང་དུས་ཆེན་ལ་རོལ་གྱིན་ཡོད། དེ་ལས་གཞན་ཀྲང་ཚའེ་ཡིས་ད་དུང་ལུས་ཕུང་བདེ་ཐང་གི་ཆ་རྐྱེན་འཛོམས་པའི་ལོ་ལོན་རྒན་པ10ཙམ་རྩ་འཛུགས་བྱས་ནས། ཀན་སུའུ་ལིའུ་ཅ་འགག་ཏུ་སྤྲོ་གསེང་ལ་སོང་བ་དང་།   ལམ་བར་དུ། རྒྱ་རིགས་རྒན་པ་རྣམས་ཀྱིས་བོད་རིགས་རྒན་པ་རྣམས་ལ་རོགས་རམ་བྱས་ནས་དངོས་པོ་ཁྱེར་རོགས་བྱེད་པ་དང་། ཧོས་རིགས་རྒན་པ་རྣམས་ཀྱིས་གྲ་སྒྲིག་བྱས་པའི་ཤིང་ཏོག་གང་ཞིམ་རང་འགུལ་ངང་ཕྱིར་བླངས་ནས་མཉམ་སྤྱོད་བྱས། ལིའུ་ཅ་འགག་ཏུ་སླེབས་སྐབས། ཚང་མས་མཉམ་དུ་མཚེའུ་དང་རི་ཀླུང་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཞོར་ལིའུ་ཅ་འགག་གི་རང་བྱུང་མཛེས་ལྗོངས་ལ་བསྟོད་བསྔགས་བྱེད་བཞིན་འདུག ལས་བཟོ་པ་ཚོས་བརྙན་མིག་བརྒྱུད་དེ་མི་རིགས་ལས་བརྒལ་བའི་མཉམ་འགྲོགས་ཀྱི་མཛའ་བརྩེའི་རྣམ་པ་དེ་དག་ཟིན་ཐོར་བཀོད་ཡོད། ཐེངས་དེར་སྤྲོ་གསེང་ལ་སོང་བ་དེ་ནི་རྒན་པ་ཚོའི་ལུས་སེམས་ལྷོད་ལྷོད་བྱེད་པའི་འགྲུལ་བཞུད་སྐྱིད་པོ་ཞིག་ཏུ་གྱུར་བར་མ་ཟད། མི་རིགས་བར་གྱི་མཛའ་བརྩེའི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བའི་སྒྲོག་ཐག་ལྟ་བུར་ཡང་གྱུར་ཡོད།

སྐབས་དེར། རྒན་པ་ཚོའི་ལྷད་མེད་ཀྱི་དགོད་སྒྲ་དེ་སྒེའུ་ཁུང་ཕྱི་རོལ་གྱི་སྟོན་རླུང་དང་ཁང་པའི་ནང་གི་དྲོད་སྐྱིད་དང་ཕན་ཚུན་དབྱེར་མེད་དུ་འདྲེས་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་ཆེས་གསོན་ཉམས་ལྡན་པའི་དམངས་འཚོའི་རྣམ་པ་ཞིག་ལྷུན་གྱིས་གྲུབ་ཡོད།  གནས་དེ་རུ། འབྲས་ཐུག་དཀར་ཡོལ་གང་དང་ཚོད་མ་གཅིག་གིས་རྒན་པ་ཚོའི་ཕོ་བ་འགྲངས་ཡོད་པར་མ་ཟད། ཁོ་ཚོས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་གྱིས་ཁེངས་པར་བྱས་ཡོད་ལ། རྒས་ན་གསོ་མཁན་ཡོད་པ་དང་། རྒས་ན་སྤྲོ་སྣང་སྐྱེད་མཁན་ཡོད་ཅེས་པའི་དྲོད་ཁོལ་ལྡན་པའི་དམ་བཅའ་དེ་ཟས་ཐུན་རེ་རེའི་ནང་དང་མི་རིགས་སོ་སོའི་ལོ་ལོན་རྒན་རྒོན་ཚོའི་འཛུམ་མདངས་ཁྲོད་དུ་རྩ་བ་ཚུགས་པར་བྱས་ཡོད།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།