“ དྲ་མིག་གཅིག”གིས་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་ཡོད།
2025.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10པའི་ཚེས24ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཁངས་ཆེན་བབས་པ་དང་། གྲོང་ཁུལ་གྱི་གཞུང་ལམ་གཙོ་བོའི་ཕྱོགས་གཉིས་སུ་ཉི་ནུས་གློག་སྡོང་སྟེང་གི་རྒྱལ་དར་སྒྲོན་སྒམ་དང་བཀྲ་ཤིས་མདུད་ཐིག་དེ་རབ་དཀར་ཁ་བའི་ཁྲོད་མིག་མདུན་དུ་གསལ་ལེར་མངོན་ཡོང་། ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་སྲང་ལམ་དམངས་གཙོ་ལམ་གྱི་མཁར་སྡེ་རུ་སྐྱོད་སྐབས། དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཚོམས་ཆེན་ནང་དྲོད་ཁོལ་གྱིས་ཁྱབ་ཡོད་པ་དང་། གྱང་ངོས་ཀྱི“དམངས་ཀྱི་འདོད་བློར་བསྟུན་པ།     དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་དཀའ་ངལ་ལ་རོགས་རམ་བྱེད་པ། དམངས་ཀྱི་ཕྱུག་འགྱུར་ལ་ཡར་སྐུལ་གཏོང་བ”ཞེས་པའི་ཡིག་འབྲུ་དམར་པོ་དེ་སྒེའུ་ཁུང་ཕྱི་རོལ་གྱི་ཁ་བའི་ཡུལ་ལྗོངས་དང་ཡོངས་སུ་འདྲེས་འདུག

སྡོད་དམངས་རྟ་མགྲིན་སྨྱུང་གནས་གཞིས་ཁུལ་ནས་ཞབས་ཞུའི་ཚོམས་ཆེན་དུ་ཡོང་བར་སྐར་མ་ལྔ་ལས་མ་འགོར། ལས་བྱེད་མི་སྣས་རམ་འདེགས་འོག ཁོས་སྐད་འཕྲིན་གྲོང་ཁྱེར་ཞབས་ཞུའི་སྟེང་ཐོབ་ཐང་ཆ་འཕྲིན་གཏགས་རྗེས། ལས་སྟེགས་ནས་སྒོར200ཡི་གྲོན་དངུལ་སྟེར་དགོས་པའི་དྲན་སྐུལ་ཐོན་པ་དང་། དུས་ཡུན་ཐུང་ངུ་སྐར་མ་འགའི་ནང་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲད། ཡི་གེ་མི་ཤེས་པའི་སྡོད་དམངས་ཀྱི་ཆ་ནས་བཤད་ན། མཁར་སྡེ་ཡིས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། མཁར་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་ལྷ་མོ་ཡིས“‘ཡུས་ཧྲུའུ་ཤར་བགྲོད’Appདང་སྐད་འཕྲིན་གྲོང་ཁྱེར་ཞབས་ཞུའི་བྱེད་ནུས་བརྒྱུད་དེ། ལས་བྱེད་མི་སྣས་སྡོད་དམངས30ལྷག་ལ་སྨན་བཅོས་འགན་བཅོལ་དང་། སྤྱི་ཚོགས་འགན་སྲུང་། བྱ་དགའི་ཁ་གསབ་མ་དངུལ་རེ་ཞུ་སོགས་ཀྱི་ལས་སྒོ་བསྒྲུབས་པ་ཡིན”ཟེར།

མཁར་སྡེ་ཡིས་སྡོད་དམངས་ལ་དམངས་བདེ་ཞབས་ཞུ་སྒྲུབ་པའི་དུས་མཚུངས་སུ། སྡོད་དམངས་ཀྱང་མཁར་སྡེའི་བཅོས་སྐྱོང་ནང་འབད་པས་ཞུགས་བཞིན་ཡོད། ད་ལོའི་རྟ་རྒྱུག་འགྲན་ཚོགས་ཀྱི་སྔོན་དུ། འགྲོ་ལུགས་སྒྲུབ་ཏུ་ཡོང་བའི་ཡེ་ཤེས་བདེ་ཆེན་གྱིས་དྲ་མིག་པ་ཚེ་སྐལ་བཟང་དང་ལས་གྲོགས་ཀྱིས་རས་གུར་འགའ་དཀོན་པའི་ཁ་བརྡ་བྱེད་པ་ཐོས་རྗེས།    སྤྲོ་སེམས་འཁོལ་བའི་ངང་ཁོ་ཚོ་ཁྱིམ་ལ་ལེན་དུ་འགྲོ་བའི་བརྡ་བརྒྱབ། དྲ་མིག་པས་འཛུམ་མདངས་དང་བཅས“ཡེ་ཤེས་བདེ་ཆེན་ལྷག་བསམ་ཅན་ཞིག་རེད། མཁར་སྡེ་བྱེད་སྒོར་འབད་པས་ཞུགས་ཤིང་། དོན་དག་ལ་གྲོས་བྱེད་དུས་སྡོད་དམངས་ཀྱིས་མི་ཤེས་པའི་གནས་ཚུལ་ཡོད་ན། ཁོ་མོས་ངང་རྒྱུད་རིང་པོས་འགྲེལ་བཤད་བྱེད་ཀྱིན་ཡོད”ཟེར། ཏག་ཏག་ཡེ་ཤེས་བདེ་ཆེན་ལྟ་བུའི་ལྷག་བསམ་ཅན་གྱི་སྡོད་དམངས་ཡོད་པས། ཁྱིམ་མཚེས་བར་གྱི་འབྲེལ་འདྲིས་ཀྱང་དེ་བས་འཆམ་མཐུན་བྱུང་ཡོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དམངས་གཙོ་ལམ་གྱི་མཁར་སྡེ་ཡི་སྤྱིའི་ཁྱིམ་གྲངས་བསྡོམས་འབོར་དེ2021ལོའི་ཁྱིམ་ཚང1000ལྷག་ནས་ད་ལྟའི་ཁྱིམ་ཚང2222བར་ཇེ་མང་དུ་ཕྱིན་ཡོད། མངའ་ཁོངས་ཅན་གྱི་དོ་དམ་རྣམ་པའི་འོག ཕྱི་ནས་ཡོང་བའི་མི་འབོར་འཕར་སྣོན་གྱིས་མཁར་སྡེའི་བཅོས་སྐྱོང་ལ་འགྲན་སློང་མི་ཉུང་བ་ཞིག་འཁྱེར་ཡོང་ཡོད། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་སེལ་བའི་གསང་གྲངས་ཀྱང་ལག་ལེན་མང་པོའི་ཁྲོད་དུ་རྣམ་པ་གྲུབ་བཞིན་ཡོད།

མཁར་སྡེ་ཡིས་མངའ་ཁོངས་ཀྱི་ས་ཆ་དེ་རྨང་གཞིའི་དྲ་མིག9ལ་དབྱེ་ནས། “སྲང་ལམ་མཁར་སྡེའི་འགན་ཁུར་བ་དང་། དྲ་མིག་དཔོན། ཆེད་འགན་དྲ་མིག་པ”བཅས་རིམ་པ་གསུམ་གྱི་དོ་དམ་རྣམ་པ་སྒྲིག་འཛུགས་བྱས་ཏེ། དྲ་མིག་ལེབ་སྙོམས་ཅན་གྱི་དོ་དམ་བྱས་ཡོད། “མཁར་སྡེ་རུ་ད་ལྟ་དྲ་མིག་པ93ཡོད་པ་དང་། དེ་ནི་བརྩེ་སེམས་མི་སྣ་དང་།    ལས་སྒུག་མི་སྣ། ལས་འཁྱུར་ངལ་གསོ་ལས་བྱེད་རྒན་པ་སོགས་ཀྱིས་གྲུབ་པ་ཡིན། མི་རེ་ཡིས་ཁྱིམ་ཚང20ལྷག་གི་སྡོད་དམངས་ལ་འགན་འཁུར་གྱིན་ཡོད”   ཉི་མ་ལྷ་མོ་ཡིས་ཡིག་ཚགས་ཁུག་མ་བརྩེགས་ཡོད་པར་མཛུབ་མོས་བསྟན་ནས་དྲ་མིག་དཔོན་དང་དྲ་མིག་པ་ཁྱིམ་ཚང་དུ་སོང་ནས་ཞིབ་འདྲི་བྱེད་དུས། ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་།    ལས་ཞུགས་སློབ་སྦྱོང་། རྒྱུ་ནོར་གནས་ཚུལ། ཕྱུགས་ཟོག་གི་གྲངས་ཚད། རླངས་འཁོར་ཁང་པ་སོགས་རྨང་གཞིའི་ཆ་འཕྲིན་དྲིས་ནས། ད་ལྟའི“ཁྱིམ་ཚང་གཅིག་ལ་ཡིག་ཚགས་གཅིག”གྲུབ་ཡོད་ཟེར།

“ཁྱིམ་ཚང་གཅིག་ལ་ཡིག་ཚགས་གཅིག”ཡོད་པས། དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པར་གཞི་གྲངས་ཀྱིས་འདེགས་སྐྱོར་བྱས་ཡོད། 2023ལོའི་ཟླ12པར་སྡོད་དམངས་ངག་དབང་དཔལ་འཛོམས་ཚང་གི་ཁྱིམ་མི་ནད་ཀྱིས་མནར་བ་དང་བྱིས་པ་སློབ་གྲྭར་ཞུགས་དགོས་པའི་དབང་གིས་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་ཡོད།     “བྱིས་པ་གཉིས་ས་ཆ་གཞན་གྱི་མཐོ་འབྲིང་དུ་འགྲོ་བཞིན་ཡོད་པ་དང་།    བྱིས་པ་ཆུང་བ་ས་གནས་ཀྱི་དམའ་འབྲིང་དུ་འགྲོ་བཞིན་ཡོད། ང་ཚོའི་བཟའ་ཟླ་གཉིས་ཀྱང་ནད་ཀྱི་དབང་གིས་ངལ་རྩོལ་ནུས་པ་ཁག་ཅིག་ཤོར་ཡོད” འདི་དག་གླེང་དུས་ངག་དབང་དཔལ་འཛོམས་ཀྱི་མིག་ཟུང་དུ་མཆི་ཞག་འཁོར་ཡོད།  “ཏང་གི་སྲིད་ཇུས་བཟང་པོ་ཡོད་པས། བྱིས་པ་ཚོས་སློབ་གསོ་བཟང་པོ་དང་ལེན་བྱེད་ཐུབ་པས། ང་ཚོའི་སེམས་ཁྲལ་སེལ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྐད་ཆའི་ནང་དུ་དྲིན་ཚོར་གྱི་བསམ་པས་ཁེངས་འདུག

“དྲ་མིག་གཅིག”ནི་རྨང་གཞི་ཡིན་པ་དང་། མཁར་སྡེ་ཡིས་གསར་གཏོད་ཀྱི་སྒོ་ནས་བཏོན་པའི“3+2”ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་རྣམ་པ་འདིས་སྡོད་དམངས་ཀྱི་དགོས་མཁོ་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་ཤེས་ཐུབ། ཉི་མ་ལྷ་མོ་ཡིས་དྲ་མིག་དགུ་པའི་སྐོར་ཞིབ་ཐོ་འགོད་རེའུ་མིག་ལ་མཛུབ་མོས་བསྟན་ནས་འགྲེལ་བཤད་བྱེད་རྒྱུར། “དྲ་མིག་པས་སྐོར་ཞིབ་བྱེད་དུས་གཞུང་ལམ་གཙོ་བོ་བརྒྱུད་ནས་རྫ་ཆུའི་གཙང་འགྲམ་དུ་སླེབས་པ་དང་། ཆ་ཚང་སློབ་ཆུང་གསུམ་པ་བརྒྱུད་མཐར་ཀྲ་གྲོང་ཐོ་དབྱི་དུས་རིམ་དང་པོར་སླེབས། གྲོང་ཁྱེར་གྱི་རྣམ་པ་དང་སྒྲིག་ལམ། གྲོང་ཁྱེར་ལས་དོན་གྱི་སྒྲིག་བཀོད། ཁོར་ཡུག་གཙང་སྦྲ། སྐྱེད་ཚལ་ལྗང་སྒྱུར། སྒྲིག་འགལ་འཛུགས་པ། འགལ་བ་དང་རྩོད་གཞི་ཡོད་མེད་སོགས་ཀྱི་ནང་དོན་ལ་དམིགས་ནས། འབྲེལ་ཡོད་ཆ་འཕྲིན་བསྡུ་རུབ་བྱེད་ཀྱིན་ཡོད”ཟེར། གཟའ་འཁོར་རེར་ཐེངས་གསུམ་དང་། ཐེངས་རེར་དུས་ཚོད་གཉིས་ལྷག་གི་དྲ་མིག་སྐོར་ཞིབ་བྱས་ཏེ། དྲ་མིག་ལེབ་སྙོམས་ཅན་གྱི་དོ་དམ་སྔར་བས་ཞིབ་ཚགས་སུ་གྱུར་ཡོད།

2024ལོའི་ཟླ5པར། མཁར་སྡེ་ཡིས་ནམ་རྒྱུན་གྱི་འགལ་བ་དང་རྩོད་གཞིར་ཞིབ་བཤེར་བྱེད་སྐབས། ཀྲ་ཚུང་ཁོ་པེ་སྲང་ལམ་གྱི་ཁྱིམ་ཚང3གྱི་སྡོད་དམངས་བར་ས་ཞིང་བདག་དབང་གི་རྩོད་གཞི་ཡོད་པ་ཤེས། དུས་ཚོད་འགོར་ཡུན་རིང་བ་དང་ས་ཆའི་དབྱེ་མཚམས་རབ་རིབ་ཡིན་པའི་དབང་གིས་སྡོད་དམངས་བར་དུའང་ཁ་རྩོད་དང་གདོང་གཏུག་ཐེངས་མང་བྱུང་བ་རེད། གནས་ཚུལ་རྒྱུས་ལོན་བྱས་རྗེས་སྲང་ལམ་མཁར་སྡེ་རང་འགུལ་ངང་འགལ་བ་ཡོད་པའི་རྩོད་གཞིའི་འདུམ་འགྲིག་ནང་ཞུགས་པ་དང་། རྒྱལ་ཁོངས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཆེད་དོན་འདུམ་འགྲིག་ཚན་ཆུང་བཙུགས།

འདུམ་འགྲིག་ཚན་ཆུང་གིས་ཡུལ་དངོས་རྩད་ཞིབ་བྱས་ཏེ། སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་བཤད་ཞིབ་མོ་བྱས་ནས། དོ་བདག་གི་ས་ཆའི་དབྱེ་མཚམས་ཁ་གསལ་བཟོས་པ་རེད། ལས་བྱེད་མི་སྣས་ངང་རྒྱུད་རིང་པོས་འདུམ་འགྲིག་ཐེངས་མང་བྱས་མཐར། ཁྱིམ་ཚང3གྱི་སྡོད་དམངས་འདུམ་འགྲིག་ཇུས་གཞིར་འཐད་པ་བྱུང་ནས། མཐར་འདུམ་འགྲིག་བྱས་པ་རེད།    ཕྱིར་འཚམས་འདྲིར་སྐྱོད་སྐབས་ཁྱིམ་ཚང3གྱི་སྡོད་དམངས་འདུམ་འགྲིག་བྱས་པར་བློ་ཡིད་ཚིམ་ཡོད་པ་མ་ཟད། ད་རུང་འདུམ་འགྲིག་གི་ལས་ཀར་ཞུགས་པའི་མི་སྣ་ལ་ཁ་བཏགས་ཕུལ”  ལོ་མང་རིང་གི་འགལ་བ་དང་རྩོད་གཞི་བདེ་བླག་ངང་ཐག་གཅོད་བྱས་པ་དེས་ཉི་མ་ལྷ་མོའི་སེམས་ཀྱི་ཁུར་བོ་ཕོག་ཏུ་བཅུག་པ་མ་ཟད།  “བདེ་འཇགས་མཁར་སྡེ”འཛུགས་སྐྲུན་བྱེད་པར་ཉམས་མྱོང་རྩ་ཆེན་ཡང་བསགས་པ་རེད།

མཁར་སྡེའི་བཅོས་སྐྱོང་ཁྲོད།  མཉམ་སྐྲུན་མཉམ་གཏོད་ནི་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་ཡིན། ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ལས་ཁུངས་དང་མཁར་སྡེ་ཡིས་མཉམ་སྐྲུན་ལམ་སྲོལ་ལག་ཏུ་བསྟར་ནས། ལས་ཐོག་ཏང་ཡོན་གྱིས་གནས་སྡོད་བྱ་ཡུལ་མཁར་སྡེ་རུ་ཐོ་འགོད་དང་ཞབས་ཞུའི་ལས་གནས་ངོས་ལེན་དང་། ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་ཞབས་ཞུ་གཞི་རིམ་དུ་སྤོ་བ་བཅས་བྱས་ཏེ། ཏང་འཛུགས་ཀྱིས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་བསྣན། དམངས་གཙོ་ལམ་གྱི་མཁར་སྡེ་ཡིས་འདི་གོ་སྐབས་སུ་བརྩིས་ནས་ལས་ཁུངས་དང་མཁར་སྡེ་ཡིས་མཉམ་སྐྲུན་སྦྲེལ་ཟམ་བཙུགས།   དྲ་མིག་པས་གཅིག་པུར་སྡོད་པའི་རྒན་པ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འཚམས་འདྲི་བྱས་ནས“རེ་འདུན་ཆུང་ཆུང”བསྡུ་རུབ་བྱས། མཉམ་སྐྲུན་ལས་ཁུངས་ཀྱིས་སྡེ་ཁག་གི་འགན་ནུས་དགེ་མཚན་འདོན་སྤེལ་བྱས་ཏེ། མཁར་སྡེའི་སྡོད་དམངས་ལ་སྲིད་ཇུས་སྒྲོག་བཤད་བྱས་པ་དང་ཐོན་ཁུངས་འབྲེལ་མཐུད་བྱས་ཡོད། རང་འགུལ་ངང“རེ་འདུན་ཆུང་ཆུང”ངོས་ལེན་བྱས་ནས་སྡོད་དམངས་ལ་འཚོ་བའི་མཁོ་དངོས་དང་འཚམས་འདྲིའི་སྒོར་མོ་སྟེར་གྱིན་ཡོད།     ཉི་མ་ལྷ་མོ་ཡིས“‘ཐོ་འགོད་ཟུང’གི་ལམ་སྲོལ་གྱིས་མཁར་སྡེའི་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྩལ་ཡོད་ལ། དེང་ཕྱིན་གྱི་མཁར་སྡེའི་བཅོས་སྐྱོང་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རེད”ཟེར།

མཚོ་མོ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།