སྤེལ་དུས།2018.01.25 ཡོང་ཁུངས།
102
0

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྙན་ཞུ་ཕུལ་བར་མ་ཟད། ད་ལོའི་ཞིང་ཆེན་ཡོངས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ད་ལོའི་དཔལ་འབྱོར་བྱ་བ་བསྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅིས་ཞའོ། ཆོའུ་ཞིན་ཡོང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་ན་ནིང་ནས་བཟུང་ད་ལྟའི་བར་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན། རིགས་སོ་སོའི་མི་དམངས་བཅས་ལ་དམ་པོར་བརྟེན་ནས། བཅོས་སྒྱུར་གསར་གཏོད་དང་དཀའ་ངལ་མཁྲེགས་གཏོར། བདེན་འཛིན་དངོས་གཉེར་བཅས་ལ་འབད་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་མ་བྱེད་པ་དང་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱེད་རྒྱུ་གཙོ་གནད་དུ་བཟུང་བ་ལས་གཞན། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པ་དང་། རིམ་པ་ལྔ་བའི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བ་རྐང་འཛུགས་སར་བརྩིས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་མཚོ་སྔོན་ནས་སྲིད་འཛིན་པའི་རྨང་གཞི་ཇེ་བརྟན་དུ་བཏང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་གནས་གཙོ་གནད་དུ་བཟུང་ནས། ཁྱོན་ཡོངས་ནས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་། ལས་གཞི་འཛུགས་སྐྲུན་དང་ལྟ་ཞིབ་ལེགས་སྒྲིག་དམ་པོར་བཟུང་ནས། ཁྱོན་ཡོངས་ནས་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་བྱུང་བ་དང་ཐོན་ལས་རིམ་སྤོར་འཕར་སྣོན་བྱུང་། རྒྱལ་ཁོངས་ལྗང་སྒྱུར་དང་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་གཙིགས་འཛིན་བྱས་ཏེ། སྐྱེ་ཁམས་གྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་བསྐྲུན་པའི་ལས་དོན་ལ་འཕེལ་རྒྱས་གསར་བ་བྱུང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་རྣམ་པར་བརྩིས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་དྲང་ཕྱོགས་ཀྱི་ནུས་པ་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས། དབུལ་ཐར་མཁྲེགས་གཏོར་བྱ་བ་ཐོད་བརྒལ་འབྱུང་སར་བརྩིས་ཏེ། བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ལ་དྲང་གཞག་འདྲ་མཉམ་གྱི་ཕན་བདེ་བསྐྲུན་པར་མ་ཟད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བའི་དམིགས་འབེན་ལ་སྐུལ་འདེད་བཏང་ནས། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་རྣམ་པ་སྔར་ལས་སྲ་བརྟན་དུ་བཏང་། ཆབ་སྲིད་འཛུགས་སྐྲུན་གྱིས་ལས་དོན་སྤྱི་ལ་བཀོད་འདོམས་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་ཡར་ལྡན་དུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱིས་འགྲོས་མཉམ་པ་གཅིག་དང་སྔར་ལས་ལྷག་པ་བཞི་མངོན་དུ་འགྱུར་བར་འབད་འབུངས་ཧུར་སྐྱེད་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ལས་རིམ་ཁག་ཚང་མར་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་མངོན་ཡོད་ཟེར།

གྲོས་ཚོགས་ལས་མཚོ་སྔོན་གྱི་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་བླང་བྱ་གསར་བ། འོས་འགན་གསར་བ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བ་སྤྱིའི་བླང་བྱ་གསལ་འདོན་བྱས་པ་འདི་ལྟར། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བར་བྱེད་པའི་བྱ་བ་སྤྱིའི་གདངས་དབྱངས་ལ་གོ་བ་ཡང་དག་ལེན་དགོས། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོར་དམ་དུ་འབྲེལ་ཅི་ཐུབ་བྱས་ནས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་འགྲེམ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཡར་ལྡན་དུ་སྤེལ་དགོས་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ཡར་སྐུལ་བཏང་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས། ཉེན་ཁ་ཆེན་པོའི་རིགས་སེལ་བ་དང་འགོག་སྲུང་བྱེད་པ། གནད་ཕིགས་དབུལ་སྐྱོར་ལས་དོན། མཁའ་དབུགས་འབབ་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་ཆེན་མོ་གསུམ་བསྒྲུབ་པར་སྟོབས་ཤུགས་མ་ལུས་གཅིག་བསྡུས་བྱེད་དགོས། ཞང་དང་སྡེ་བ་བསྐྱར་དར་འབྱུང་བའི་འཐབ་ཇུས་ལག་བསྟར་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལ་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས། ཏང་གི་འཛུགས་སྐྲུན་བྱ་བའི་རླབས་ཆེན་བཟོ་སྐྲུན་གསར་བར་སྟོབས་ཤུགས་གཅིག་བསྡུ་བྱེད་པ་བཅས་བྱས་ཏེ། སྐས་རྐང་གསར་བའི་སྟེང་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་རྣམ་པ་བཏོད་ཐུབ་པར་བྱེད་རྒྱུ་བཅས་ཡིན་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་ཕྱོགས་བོ་གཙོ་བོ་བཞིའི་ཐད་ནས་ད་ལོའི་བྱ་བར་བཀོད་སྒྲིག་བྱས། གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དུས་རྟག་པར་གཙོ་གནད་དུ་བཟུང་ནས། བར་མ་ཆད་པའི་སྒོ་ནས་ཟུང་འབྲེལ་དང་ཚུལ་སྒྱུར་གྱི་སྟེང་དུ་སྟོབས་ཤུགས་ཕུལ་ནས་ཕན་འབྲས་ལེན་དགོས། གཉིས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། རྐང་འཛུགས་ས་མཐོན་པོའི་སྟེང་ནས་བཅོས་སྒྱུར་ལ་འཆར་འགོད་འཐེན་པ་དང་དེ་ཡར་ལྡན་དུ་སྤེལ་དགོས། གསུམ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། བཞི་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་དེ་རྒྱུན་འཁྱོངས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཏམ་བཤད་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིང་གི་དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས། ཁོས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཡང་འགྱུར་ལྡོག་མང་པོ་བྱུང་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ན། ངེས་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཚོད་དཔག་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་ཐག་གཅོད་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་དཔལ་འབྱོར་བྱ་བའི་ཐད་བཏོན་པའི་ནང་ཁོག་གི་རེ་བ་དང་། དཔལ་འབྱོར་ཆོས་ཉིད་ཀྱི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཤན་ཤུགས། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་མདུན་དུ་ལྷགས་པའི་གོ་སྐབས། དཔལ་འབྱོར་བྱ་བའི་ནུས་ཐོན་ཡུན་ཚད་བཅས་ཁོང་དུ་ཆུད་པར་བྱེད་པ་དང་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་ལོ་གལ་ཆེན་ཡང་ཡིན་པས། ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་ཟེར། ཝང་ཅན་ཅུན་གྱིས་བསྟན་དོན། གཤམ་གྱི་ཕྱོགས་བརྒྱད་ཐད་ཀྱི་བྱ་བ་དམ་འཛིན་བྱེད་པའི་ཐད་ཤུགས་འདོན་དགོས། གཅིག་ནི་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པ་སྟེ། ཉེན་ཁ་ཆེན་པོ་སྔོན་འགོག་དང་ཐག་གཅོད་པའི་མཁྲེགས་གཏོར་བྱ་བ་དང་། གནད་ཕིགས་དབུལ་སྐྱོར་གྱི་མཁྲེགས་གཏོར་བྱ་བ། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། འདོར་བ་དང་ཇེ་དམའ་རུ་གཏོང་བ། ཁ་གསབ་བྱེད་པའི་ལས་འགན་གཙོ་བོ་དམ་འཛིན་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་བཟོ་ལས་འཁོར་རྒྱུག་གཏན་འཇགས་སུ་གཏོང་བ་དང་སྟོབས་ཤུགས་ཡོད་རྒུས་ཕན་ལྡན་དངུལ་གཏོང་རྒྱ་སྐྱེད་དགོས། གསུམ་ནི་ཞན་ཆ་ཁ་གསབ་བྱེད་པར་སྔར་ལས་དོ་སྣང་བྱས་ཏེ། ཆུ་བེད་དང་ལྕགས་ལམ། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། མཁའ་འགྲུལ། སྦུག་ལམ་སྦུབས་ཁྱམས། གློག་ཤུགས། ཆ་འཕྲིན། དངོས་ཟོག་སྐྱེལ་འདྲེན་སོགས་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་དང་། ཚན་རྩལ་གསར་གཏོད་དང་དམངས་ཚིས་འགན་སྲུང་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། བཞི་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་སྟེ། ཞང་གྲོང་དར་སྤེལ་དང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་གྲོང་གསེབ་ཅན་གྱི་འཆར་འགོད་སོགས་འཐབ་ཇུས་ལག་བསྟར་བྱེད་དགོས། ལྔ་ནི་རྒྱུ་སྤུས་མཐོར་འདེགས་འགུལ་སྐྱོད་སྤེལ་ནས། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། དེང་རབས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སྒོར་འཕེལ་རྒྱས་སུ་གཏོང་དགོས། དྲུག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་པ་དང་། དངོས་གཉེར་དཔལ་འབྱོར་ཐད་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ། མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་སྐྱེད་སྲིང་བྱས་ནས། ཁེ་ལས་པའི་སྙིང་སྟོབས་ཆེར་སྐྱེད་པ་དང་སྲུང་སྐྱོབ་བྱེད་དགོས། བདུན་ནི་ལྗང་མདོག་ཐན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལྗང་མདོག་ལ་བརྟེན་ནས་མི་དམངས་ལ་ཁེ་ཕན་བསྐྲུན་པར་སྐུལ་འདེད་གཏོང་དགོས། བརྒྱད་ནི་རྒྱུན་མཐུད་ངང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། བཅོས་བསྒྱུར་ཟབ་སྤེལ་བྱེད་པ། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ནོར་ཁྲལ་དངུལ་རྩའི་བཅོས་བསྒྱུར་དང་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཕྱོགས་ཡོངས་ནས་སྒོ་འབྱེད་རྒྱ་ཆེར་སྤེལ་བ་དང་། ཕྱོགས་ཡོངས་ཀྱི་སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས་ཟེར།

ཚོགས་འདུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས། ལག་བསྟར་ལ་དམ་འཛིན་བྱེད་ན་ངོས་ཟིན་ཇེ་མཐོར་གཏོང་བ་དང་། གཙོ་གནད་འབུར་ཐོན་བྱེད་པ། འགན་འཁྲི་གསལ་བོ་བྱེད་པའི་རེ་བ་བཏོན། དེ་དང་མཉམ་དུ། ལུགས་རྙིང་ལོ་སར་སྔོན་རྗེས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས། དཀའ་ཁག་མི་ཚོགས་ཀྱི་འཚོ་བའི་འགན་སྲུང་དང་དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་སྤྲོད། མང་ཚོགས་ཀྱི་རིག་གནས་བྱ་འགུལ། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་སོགས་བྱ་བར་གཅིག་བསྡུས་སྒོས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་སྐྱིད་འཆམ་མཐུན་གྱི་ལུགས་རྙིང་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས«བཀྲ་རྒྱལ་དང་ཆི་ཅན་ཧྥིན་གཉིས་ཀྱི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་པའི་ཆོད་དོན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་གྲོང་ཁྱེར་དང་ཁུལ། འབྲེལ་ཡོད་སྡེ་ཁག་གི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་འཛུགས་བྱ་བའི་ཐད་ཀྱི་འགན་འཁྲི་གཙོ་བོ་གསུམ་ལག་བསྟར་བྱས་པའི་ཐད་ཀྱི་གནས་ཚུལ་ཡར་ཞུ་བྱས་པ་དང་། དེར་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུའུ་གཉིས་པའི་སྐོར་ཞིབ་པ་གཞོན་པ་སུའུ་ཅིན་ཞིན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཚོགས་ཐོག་ཏུ། དུས་རབས་གསར་བས་འགན་འཁྲི་གསར་བ་བསྩལ་ཡོད་པ་དང་། འཐབ་ལམ་གསར་བས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རྒྱུན་མཐུད་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ནན་མོ་བྱེད་པ། ནམ་ཡང་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་བཞག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་རྒྱུའི་འབོད་སྐུལ་བཏང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་དང་ཁུལ་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་པའི་འཐུས་མི་ཁ་ཤས་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།