སྤེལ་དུས།2018.10.10 ཡོང་ཁུངས།རང་རེའི་ལས་ཁུངས།
13
0

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ཁྱིམ་བདག་མ་ཞིག་གི་རྔུལ་ཆུ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། དབྱར་ཟླ་བདུན་པའི་མགོ་ལོག་རྩྭ་ཐང་ནི་བྱེད་པོ་སུ་ཞིག་གིས་སོར་མོའི་སྒྱུ་འཕྲུལ་ལ་བརྟེན་ནས་ཆེད་དུ་བྱས་པ་ནང་བཞིན་མཛེས་སྡུག་དཔལ་གྱིས་ཡོངས་སུ་བལྟམས་པས། སྨྲ་ལྕེ་ཁྲི་ཕྲག་ལ་བརྟེན་ནས་སྨྲས་ཀྱང་ཡུལ་དེའི་མཛེས་སྡུག་གི་ཆ་ཤས་ཙམ་ཡང་མཚོན་པའི་ནུས་པ་ཡེ་ནས་བྲལ། ང་ཚོ་གསར་འགོད་ཚན་ཆུང་གནས་དེར་ཐོན་དུས་རང་ཡུལ་ལ་ཐོན་པ་ལྟ་བུའི་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཡིད་སེམས་ཡོངས་སུ་བརྟས། ང་ཚོས་ཀྱང་སེམས་ཀྱི་སྤྲོ་སྣང་ཡོད་ཚད་ཐེངས་འདིའི་བྱ་བའི་སྒུལ་ཤུགས་སུ་བརྩིས་ཏེ། ཆེས་གཞི་རིམ་གྱི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བཅར་ནས་དྲང་བདེན་དང་བབ་ཆགས་ཀྱི་ཁོ་ཚོ་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། ཁོ་ཚོ་ལས་ཁྱིམ་ཚང་སྐོར་ཞིག་གི་འདས་ཟིན་པའི་འཚོ་བའི་གནས་བབ་དང་ད་ལྟའི་འཚོ་བའི་འགྱུར་ལྡོག་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་བྱས། སྤྱིར་སྐྱིད་སྡུག་རེས་སུ་འཁོར་བ་ནི་འཚོ་བའི་ཆོས་ཉིད་དུ་གྲུབ་པས། འཚོ་བ་ཞེས་པའི་གར་སྟེགས་འདི་ནས་ཁོ་ཚོར་ཡང་སྐྱིད་ཀྱི་དགོད་སྒྲ་ཡོད་མྱོང་ལ་སྡུག་གི་ངུ་འབོད་ཀྱང་ཡོད་མྱོང་། སངས་རྒྱས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་མཁའ་རི་འབྲོག་ཨུ་ཁང་གི་ཡིན་པ་དང་། སྔོན་ཆད་ནས་ཁོ་ཚང་གི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་དེ་འདྲ་མི་བཟང་བའི་ཁར་སྐབས་ཤིག་ནས་བཟུང་། ཁོའི་ཆུང་མར་རྒྱུན་དུ་ན་ཚ་བྱས་པས་ཟོག་ལུག་རེ་འགའ་ཡོད་པ་ཡང་མི་བཙོང་ཐབས་མེད་བྱུང་བས་ཁྱིམ་ཚང་གི་འབྱོར་བ་རིམ་བཞིན་རིམ་བཞིན་ཤིན་ཏུ་སྡུག་པོར་གྱུར། དེ་ལས་ཀྱང་ཡ་ང་ཞིང་ཡིད་སྐྱོ་བའི་དོན་དག་ཅིག་ནི། མི་ལོ་བཅུ་བཞིའི་སྔོན་གྱི་ནངས་མོ་ཞིག་ལ་གློ་བུར་དུ་ནད་མེད་དུག་མེད་ཀྱི་སངས་རྒྱས་ཁོ་རང་གི་རྐང་པ་གཉིས་ཞ་བོར་གྱུར་འདུག་པར་མ་ཟད། ངག་ཀྱང་ཁྱེར་འདུག་པས་མལ་ནས་ལངས་རྒྱུ་མ་བྱུང་། སྡུག་ཐོག་སྡུག་བརྩེགས་ཀྱི་དོན་དག་ཡིད་སྐྱོ་བ་དེ། ཕལ་བའི་ཁྱིམ་ཚང་འདིའི་སྟེང་ལ་ཡ་ང་མེད་པའི་སྡུག་རྩུབ་ཀྱི་ཐོག་མདའ་བཞིན་དེ་ལྟར་ལྷུང་བ་ནས་བཟུང་། ཁོ་ཚང་ལ་རེ་བའི་ཉི་མ་ནུབ་སྟེ་སྡུག་གི་མུན་པ་འཐིབ་མགོ་བརྩམས། ཐེངས་འདིར་ང་ཚོས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་འདིའི་འཚོ་བའི་བདེ་སྡུག་དང་འཕོ་འགྱུར་ཐད་ལ་རྒྱུས་ལོན་ཅུང་ཙམ་བྱ་ཕྱིར་ད་ལྟ་ཁོ་ཚང་ལ་ཐོན་ཡོད།

གསར་འགོད་པ། སངས་རྒྱས་ཁྱོད་བདེ་མོ་ཡིན་ན། ད་ལྟ་ཁྱོའི་སྐུ་ཁམས་ཅུང་ཙམ་དྭངས་སམ།

སངས་རྒྱས། བདེ་མོ་ཡིན།

གསར་འགོད་པ། ཉན་མཁན་རྣམ་པ། ད་ལྟ་ང་ཚོས་མགོ་ལོག་ཁུལ་དར་ལག་རྫོང་གླིང་དཀར་སྡོད་ཁུལ་དུ་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ཞིག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད། ཡིན་ནའང་སངས་རྒྱས་ལ་མཚོན་ན་ནད་ཀྱི་དབང་གིས་སྐད་ཆ་བཤད་རྒྱུར་དེ་འདྲའི་སྟབས་མི་བདེ་ཀི  དེ་བས་ང་ཚོས་འདི་ནས་ཁོ་ཚོའི་སྡེ་བའི་ཀྲུའུ་རིན་དང་ཁོའི་ཆུང་མ་གཉིས་བརྒྱུད་དེ་ཁྱིམ་ཚང་འདིའི་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱེད།

གསར་འགོད་པ། ཡ། ཀྲུའུ་རིན་ཁྱོད་བདེ་མོ།

ཀྲུའུ་རིན།   བདེ་མོ་ཡིན།

གསར་འགོད་པ།  ཁྱོད་མཚོན་ན་སངས་རྒྱས་ཚང་གི་སྔོན་ཆད་ཀྱི་ཁྱིམ་ཚང་གི་གནས་ཚུལ་ལ་ཆ་རྒྱུས་ཤིན་ཏུ་ཆེན་པོ་ཡོད་ཟེར་ཀི  དེས་ན་ཁྱོས་གནས་ཚུལ་དེའི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱོས།

ཀྲུའུ་རིན། ཡ། གོ་ཐལ། ང་མཚོན་ན་མཁའ་རི་འབྲོག་ཨུ་ཁང་གི་ཀྲུའུ་རིན་ཡིན། སངས་རྒྱས་ཚང་སྔོན་ཆད་ཀྱང་ཆ་རྐྱེན་དེ་འདྲའི་བཟང་བོའི་ཁྱིམ་ཚང་ཞིག་མིན། ལྷག་པར་དུ་ལོ་དུ་མའི་ཡར་སྔོན་ནས་གློ་བུར་དུ་སངས་རྒྱས་ལ་ནད་ཀྱིས་ཐེབས་པ་ནས་བཟུང་། ཁྱིམ་ལ་ཟོག་ལུག་འགའ་རེ་ཡོད་པ་ཡང་བཙོང་ནས་ནད་སྟོན་སྤྱད་བྱས་དང་ནི་རེད། དེ་ལྟར་བྱས་རྗེས་ད་ཁོ་ཚང་རྫོང་མཐའ་འདིར་ཡོང་ནས་བསྡད་ནི་རེད།  ད་ཁོ་ཚོས་སྔོན་ཆད་སྡུག་ཇི་ལྟར་མྱངས་ཚུལ་སོགས་ཁོའི་ཆུང་མས་བཤད་ན་གསལ་བོ་ཡིན་རྒྱུ་རེད།

གསར་འགོད་པ། ཁྱོད་སངས་རྒྱས་ཀྱི་ཆུང་མ་རེད་དམ། ཁྱོད་ཀྱི་མིང་ལ་ཅི་ཟེར།

བསམ་སྐྱིད།  ང་སངས་རྒྱས་ཀྱི་ཆུང་མ་ཡིན། ངའི་མིང་ལ་བསམ་སྐྱིད་ཟེར།

གསར་འགོད་པ།  སྔོན་ཆད་ཁྱོད་ཚང་རྒྱུ་སྨད་གྲོང་རྡལ་ན་ཡོད་ཀི  ད་ལྟ་གླིང་དཀར་སྡོད་ཁུལ་འདིར་ཡོང་ཡོད་ཀི སྔོན་ཆད་ཡིན་ན་ར་ཁྱོད་ཚང་གི་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་ཀི ལྷག་པར་དུ་སངས་རྒྱས་ནད་པར་གྱུར་ནོ་གཞུག་ནས་ཁྱོད་ཚང་གི་འཚོ་བ་ཐབས་རྡུགས་ཀྱི་གནས་སུ་ལྷུང་སོང་ཟེར་ནས་ད་ལྟ་ཁྱོད་ཚོའི་ཀྲུའུ་རིན་གྱིས་བཤད་ཐལ། ཁྱོད་ལ་མཚོན་ན་ཁྱིམ་ན་བྱིས་པ་བཞི་ཡོད་ཀི  རྒད་པོ་ནད་པ་རེད།  རང་ཉིད་ཀྱང་ནད་པ་ཞིག་རེད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་རང་གི་ཁྱིམ་ཚང་གི་འཚོ་ཚིས་ཀྱི་ཆེད་དུ་ཁྱོད་ཀྱིས་དཀའ་ལས་ཅི་འདྲ་མྱངས་མྱོང་།

བསམ་སྐྱིད།  སྔོན་ཆད་ཡིན་ན་ཡང་ངེད་ཚང་གི་ཁྱིམ་ཚང་གི་འཚོ་བ་དེ་འདྲ་བཟང་རྒྱུ་ཡོད་ནི་མ་རེད། ཁ་གསོ་སྤྱད་ཟོག་ལུག་ཆ་རེ་ཡོད་མོད། རྒད་པོ་ན་ནོ་རྗེས་ནས་ཚང་མ་བཙོང་ནས་སྨན་ཁང་ལ་སྟོན་སྤྱད་བྱས་ནས་ཚར་སོང་ནི་རེད། ལོ་བཅུ་ཡས་མས་ཤིག་ལ་ངས་རྒད་པོ་ཁུར་ར་གཉོར་ར་བྱས་ནས་བསྡད་པ་ཡིན། དེ་ནས་ཉེ་གཞི་རྩ་ལག་རྣམས་ཀྱིས་སྒོར་མོ་འགའ་རེས་རོགས་སྐྱོར་བྱས་པས་ངས་ཁོ་རང་ཁྲིད་ནས་ཁྲིན་ཏུའུ་ཧྭ་ཞི་སྨན་ཁང་དུ་ནད་སྟོན་དུ་སོང་བ་ཡིན། ཆེན་པོ་ཞིག་སྟོན་སྤྱད་མེད་ཀྱང་། ད་ནད་ངོས་ཟིན་སོང་ན་དྲག་གི་བསམས་ནས། ཡིན་ཡང་དེ་ནས་བཅའ་རྒྱུ་མེད་ཐལ། དེ་ནས་ངེད་གཉིས་ཕྱིར་ཡོང་རྗེས་སུ་སྔར་བཞིན་ངས་ཁོ་རང་ཡར་མར་ལ་ཁུར་ནས་གཉོར་སྐྱོང་བྱས་པ་ཡིན། དེ་བས་ཁོས་ད་ཁྱོས་ཚེ་གང་བོར་འདི་ལྟར་ང་རང་ཡར་མར་ལ་ཁུར་ནས་གཉོར་སྐྱོང་བྱས་ན་དཀའ་ཀི བྱིས་པ་ཚོ་ཡང་ལོ་ན་ཆུང་བས་ཁྱོས་དཀའ་རྒྱུ་རེད་ཟེར། དེ་ནས་ངེད་གཉིས་ཀྱིས་སྒོར་མོ་ཁྲི་གཅིག་ཡོད་པ་དེས་ཁོ་ལ་རྐུབ་འཁོར་འདི་ཉོས་ནི་ཡིན།

སྙན་སྒྲོན་པ། བསམ་སྐྱིད་ལ་མཚོན་ན་ཁོ་མོ་ཡང་ན་ཡུན་ཤིན་ཏུ་རིང་བའི་ནད་པ་ཟུངས་ཟད་ཅིག་རེད། ཡིན་ན་ཡང་། ཁོ་མོས་རང་གི་ན་ཚ་དང་དཀའ་སྡུག་ཡོད་ཚད་རྒྱབ་ཏུ་དོར་ནས། མི་ལོ་བཅུ་ལྷག་གི་རིང་ལ་དུས་རྒྱུན་དུ་རང་གི་རྒད་པོ་སྒོའི་ཕྱི་ཁྱིམ་གང་རུང་དུ་འགྲོ་སྐབས་ཁུར་ནས་གཉོར་སྐྱོང་བྱེད་དགོས་པར་མ་ཟད། བྱིས་པ་བཞི་བོ་ཡང་ལོ་ན་ཤིན་ཏུ་ཕྲ་བས་དེ་བཞིན་དུ་ཨ་མ་ཞིག་གིས་བྱིས་པ་གཉོར་སྐྱོང་བྱེད་པའི་དཀའ་སྡུག་ཡོད་ཚད་ཕྲག་ཏུ་ལེན་དགོས་པའི་ཁར། ཁྱིམ་ཀྱི་ལས་ཀ་ཙག་ཙིག་དང་ད་དུང་ཕྱི་རོལ་དུ་སོང་ནས་ཞོར་ལས་སྣ་ཚོགས་གཉེར་ཏེ། ཁྱིམ་གྱི་ཡོང་སྒོ་འཚོལ་བ་སོགས་སྤྱིར་བཏང་གི་ཁྱིམ་བདག་མ་ཞིག་གི་རྒྱུན་ལྡན་གྱི་བྱ་བ་ལས་རིང་དུ་བརྒལ་བའི་སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་སྐོར་གླེང་སྐབས། ཁོ་མོའི་མིག་ཟུང་ལས་སྐྱོ་སྡུག་གི་མཆི་མ་དབང་མེད་དུ་བཞུར་ཡོང་ལ་མགྲིན་པ་བརྣངས་ཤིང་ངག་སྒོ་ཡང་ཡང་འདར་བས་མུ་མཐུད་ནས་ཁ་བརྡ་བྱེད་ཐབས་མ་བྱུང་།

ཡིན་ན་ཡང་། ཅུང་ཙམ་ནས་ཁོ་མོའི་སེམས་ཁམས་ཅུང་ལྷོད་ལ་བབ་རྗེས།  མོས་ཁོ་ཚང་གི་ད་ལྟའི་འཚོ་བའི་གནས་བབ་དང་འགྱུར་ལྡོག་སྐོར་གྱི་གནས་ཚུལ་ཐུང་ངུ་ཞིག་འདི་ལྟར་བཤད།

བསམ་སྐྱིད། ད་སྐབས་ཡིན་ན་སོས་བུད་དང་ན་ངས་དབྱར་རྩྭ་དགུན་འབུ་རེ་བརྐོས་ནི་ཡིན། ད་རྒད་པོ་དང་བྱིས་པ་ཆ་བོ་མ་གྲང་མ་ལྟོགས་ན་ང་རང་ཉིད་ལ་ཅིག་ན་ནོ་ངས་དྲག་གི་བསམས་ཡོད། ད་ལྟ་ཡིན་ན་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡང་ལོ་གཅིག་ལ་སྒོར་མོ་སྟོང་ལྔ་དང་།  རང་གི་རྩྭ་སའི་ཁ་གསབ་སྒོར་མོ་ཁྲི་གཅིག་གི་ཡོང་སྒོ་ཡོད། དེ་མིན་ད་ལྟ་འདི་ན་ཁང་པ་ཡང་བྱིན་ཡོད་པས་ཆུ་གློག་ལམ་གསུམ་སོགས་ཀྱང་སྟབས་ཤིན་ཏུ་བདེ་བས། ངེད་ཚང་གི་འཚོ་བ་ཡང་སྔོན་ཆད་དང་བསྡུར་ན་ད་ལྟ་བཟང་ནི་དེ་འདྲ་ཞིག་རེད།

སྙན་སྒྲོན་པ། སྤྱིར་བཏང་གི་ཁྱིམ་བདག་མ་ཞིག་གི་དཀའ་སྤྱད་ཀྱི་ལོ་ཟླ་རིང་མོ་ཞིག་ཁོ་མོའི་རྔུལ་ཆུ་དང་འགྲོགས་ནས་འདི་ནས་རྒྱང་ལ་བཞུར་སོང་། ད་ལྟ་ཁོ་མོས་རང་གི་མིག་ཀོང་ན་ཉིན་རེར་བཞིན་ནར་སོན་བཞིན་པའི་བྱིས་པ་བཞི་དང་། ཞ་བོར་གྱུར་བའི་སྐྱེས་པའི་གདོང་ལ་ལྟ་ཐེངས་རེར།  “ཁོ་ཚོར་གྲང་ལྟོགས་རེ་མ་བྱུང་ན། རང་ཉིད་ཀྱི་ན་ཚ་ནམ་ཡང་དྲག་ནི་རེད”ཅེས་པའི་སྐད་ཆ་འདི་ནི།  ཆེས་སྤྱིར་བཏང་གི་ཆུང་མ་ཞིག་དང་ཆེས་སྤྱིར་བཏང་གི་ཨ་མ་ཞིག་གི་ངག་སྒོ་ལས་ཐོན་པ་ཡིན་ཡང་།  ང་ཚོས་ཞིབ་ཏུ་བསམས་ན་འདི་ནི་རླབས་ཆེ་བའི་ཨ་མ་ཞིག་གི་ནམ་མཁའ་ལྟ་བུའི་སེམས་རྒྱ་ལ་མ་གཏོགས་གང་དུ་འང་ཤོང་མི་སྲིད་པའི་མཐའ་མི་དཔོག་པའི་བརྩེ་བའི་ཐ་སྙད་དེ་ཡིན་ལ། ཁོ་མོས་མ་འོངས་འཚོ་བར་བཅངས་པའི་འགྱུར་མེད་ཀྱི་ཡིད་ཆེས་དང་རེ་སྨོན་ཡང་ཅི་ལ་མིན།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ཁྱིམ་བདག་མ་ཞིག་གི་རྔུལ་ཆུ་ཞེས་པ་དེ་ཡིན། ཁྱོད་ཚོས་གསན་པར་བཀའ་དྲིན་ཆེ།



མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་མཁའ་རི་འབྲོག་ཨུ་ཁང་གི་ཀྲུའུ་རིན་སྲས་བྷོ་ཡིས་སངས་རྒྱས་ཚང་གི་འཚོ་བའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།

གསར་འགོད་པས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཏང་ཡོན་རྣམས་ཀྱི་ཚབ་བྱས་ནས་སངས་རྒྱས་ཚང་ལ་གཅེས་སེམས་འབུལ་བཞིན་པ།

སངས་རྒྱས་ཚང་གི་བཟའ་མི་གང་བོའི་མཉམ་པར། 

གསར་འགོད་པས་དབུལ་ཕོངས་ཁྱིམ་ཚང་ལ་ཞལ་འདེབས་འབུལ་བཞིན་པ།

གསར་འགོད་པ། གཡང་འབུམ་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།