སྤེལ་དུས།2018.10.10 ཡོང་ཁུངས།རང་རེའི་ལས་ཁུངས།
4
0


སྙན་སྒྲོན་པ།  ཉན་མཁན་རྣམ་པ། ཐེངས་འདིའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་གླིང་དཀར་སྡོད་ཁུལ་གྱི་དམངས་སེམས་བདེ་སྐྱིད་འཚོ་བའི་དྲོད་ཀྱིས་ཁེངས་ཡོད་ཅེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། རང་རེའི་ཀྲུང་ཧྭ་འཛིན་མའི་ཁྱོན་ཀུན་ཏུ་རླབས་ཆེ་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་སྣ་ཚོགས་ལག་ཏུ་བསྟར་བ་དེས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཐད་ལ་ཀུན་གྱིས་ཁས་ལེན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད། འོན་ཀྱང་། དུས་ཡུན་རིང་བོར་དབུལ་ཁྱིམ་གྱི་གནས་ཚུལ་མི་གསལ་བ་དང་དམིགས་སའི་རང་བཞིན་ཆེན་པོ་མེད་པ། དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་སྟོན་ཕྱོགས་གནད་འཁེལ་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་ཚབས་ཆེན་ཡིན་པར་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་རང་རྒྱལ་གྱིས་གོང་འོག་བར་གསུམ་ཀུན་ཏུ་དབུལ་ཕོངས་ཁྱབ་ཁོངས་ཀྱི་ཁོར་ཡུག་མི་འདྲ་བ་དང་། དབུལ་ཁྱིམ་གྱི་གནས་ཚུལ་མི་འདྲ་བར་དམིགས་ནས། ཚན་རིག་དང་མཐུན་པའི་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དབུལ་སྐྱོར་བྱ་ཡུལ་ལ་ངོས་འཛིན་གནད་འཁེལ་དང་། རོགས་སྐྱོར་གནད་འཁེལ། དོ་དམ་གནད་འཁེལ་བཅས་ལག་བསྟར་བྱས་ཏེ། དབུལ་སྐྱོར་གྱི་ཐོན་ཁུངས་སྣ་ཚོགས་ཀྱིས་དབུལ་སྐྱོར་བྱ་ཡུལ་ལ་རོགས་སྐྱོར་བྱེད་པའི་དུས་རབས་གསར་བའི་གནད་འཁེལ་དབུལ་སྐྱོར་བྱེད་ཐབས་ལག་ཏུ་བསྟར། དེ་བས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ཀྱང་དབུལ་ཕོངས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་སྟེ། ཆུ་གློག་ལམ་གསུམ་མེད་པ་དང་སྡོད་ཁང་མེད་བཅས་ཀྱི་དཀའ་ཁག་དངོས་ལ་དམིགས་ཏེ། སྤྱི་ལོ་ཉིས་སྟོང་བཅོ་དྲུག་ལོར་རྫོང་མཁར་གྱི་ཉེ་འགྲམ་དུ་གླིང་དཀར་སྡོད་ཁུལ་ཞེས་པ་དེ་འཛུགས་སྐྲུན་བྱས་ནས། དཔོན་སྐོར་གོང་མ་ཞང་དང་དཔོན་སྐོར་སྨད་མ་ཞང་། རྒྱུད་སྨད་གྲོང་རྡལ་སོགས་མངའ་ཁོངས་ཀྱི་སྡེ་བ་བཅུ་ལྷག་ནས་འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་སྡོད་ཁུལ་དེར་གནས་སྤར་དུ་བཅུག་ནས། ཁྱིམ་ཚང་རེ་ལ་རིན་མེད་ཁང་བ་བྱིན་ཡོད་པར་མ་ཟད། ངལ་རྩོལ་ནུས་པ་ཤོར་བའི་དབུལ་ཕོངས་ཁྱིམ་ཚང་གི་མི་གཅིག་ལ་ལོ་རེར་སྒོར་མོ་2500དང་། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་གཅིག་ལ་ལོ་རེར་སྒོར་མོ2400སྟེར་བ། དེ་མིན་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གི་མི་གཅིག་ལ་ལོ་རེར་སྒོར་མོ400རེ་སྟེར་བ་བཅས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ཡག་པོ་ལོངས་སུ་སྤྱད་པ་དེས་དབུལ་ཕོངས་ཁྱིམ་ཚང་དེ་དག་གི་སྡོད་ཁང་གཙོས་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ད་སྐབས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྟེ། དེའི་སྐོར་ནས་རྒྱུད་སྨད་གྲོང་རྡལ་མཁའ་རི་འབྲོག་ཨུ་ཁང་གི་ཀྲུའུ་རིན་སྲས་བྷོ་ཡིས་བཤད་རྒྱུར།

སྲས་བྷོ། ངེད་མཁའ་རི་འབྲོག་ཨུ་ཁང་ལ་སྡོམ་པས་ཁྱིམ་ཚང་སུམ་བརྒྱ་ཡོད་ཅིང་། དེའི་ནང་གླིང་དཀར་སྡོད་ཁང་ཁུལ་དུ་ཡོང་པའི་ཁྱིམ་ཚང་ཉེར་བཞི་ཡོད། ཁྱིམ་ཚང་ཉེར་བཞི་བོ་དེ་ནི་སྔོན་ཆད་ངེད་སྡེ་བའི་ཁྲོད་དུ་འཚོ་བ་ཤིན་ཏུ་ཞན་པ་དང་ནད་པ་སོགས་བསལ་ནས་བཀོད་སྒྲིག་བྱས་པ་ཡིན། ཁྱིམ་ཚང་དེ་དག་གི་སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་བཤད་ན་དངོས་གནས་བཟའ་རྒྱུ་འཐུང་རྒྱུའི་ཐད་ལའང་དཀའ་ངལ་ཆེན་པོ་ཡོད་པ་དེ་འདྲ་ཞིག་ཡིན། ཁ་སང་དེ་རིང་ཡིན་ན་ཁྱིམ་ཚང་ཉེར་བཞི་བོ་དེ་བསོར་མོ་སྐྱིད་པོ་བྱས་ནས་བསྡད་ཡོད། རྒྱུ་ཆེན་པོ་ཞིག་གསོག་རྒྱུ་མེད་ནའང་ཁ་ལ་བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ། ཆུ་གློག་ལམ་གསུམ་དང་སྡོད་ཁང་། བྱིས་པ་སློབ་གྲྭར་བསྐྱལ་བ་སོགས་ཕྱོགས་གང་ཅིའི་ཐད་ལའང་དཀའ་ངལ་གཅིག་ཀྱང་མེད་ཟེར་རྒྱུ་དེ་འདྲ་ཞིག་ཡིན།

སྙན་སྒྲོན་པ།གླིང་དཀར་སྡོད་ཁུལ་གྱི་ལོ་ཅོ་ཚང་ནི་སྔོན་ཆད་མཁའ་རི་འབྲོག་ཨུ་ཁང་ནས་ཡོང་བའི་དབུལ་ཕོངས་ཁྱིམ་ཚང་ཉེར་བཞིའི་ཁྲོད་ཀྱི་གཅིག་རེད། ཁོ་བཟའ་མི་གཉིས་ལ་བྱིས་པ་བརྒྱད་ཡོད་པ་དང་། ཁོའི་ཁྱིམ་གྱི་ཆ་རྐྱེན་ཤིན་ཏུ་ཞན་ཁར་ཉེ་བའི་ལོ་འགའི་སྔོན་དུ་ལོ་ཅོ་ལ་ན་ཚ་ལྗིད་མོ་ཞིག་བྱུང་བའི་དབང་གིས་ཁོའི་ཁྱིམ་ཚང་གི་འཚོ་བ་དེ་མུ་མཐུད་དུ་རོལ་ཐབས་མེད་པའི་གནས་སུ་གྱུར་། ཡིན་ནའང་གོང་རིམ་གྱིས་ཁོ་ཚང་གླིང་དཀར་སྡོད་ཁུལ་དུ་བཀོད་སྒྲིག་བྱས་པ་དེས་ཁོ་ཚང་གི་འཚོ་བའི་རྨང་གཞིའི་གནད་དོན་དེ་གཞི་ནས་ཐག་གཅོད་བྱས་པ་རེད། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དབུལ་ཐར་ཕྱུག་འགྱུར་གྱི་ལམ་ནི་དབུལ་ཕོངས་མང་ཚོགས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མངོན་འགྱུར་བྱ་དགོས”ཞེས་གསུངས་པ་ནང་བཞིན། ད་ལྟ་ལོ་ཅོ་བཟའ་མི་གཉིས་ཀྱིས་ཀྱང“གཞན་བརྟེན”གྱི་དབུལ་སྐྱོར་རྣམ་པ་དེ“རང་བརྟེན”གྱི་དབུལ་སྐྱོར་རྣམ་པར་བསྒྱུར་བའི་ཐད་ལ་འབད་བརྩོན་བྱས་ཏེ།  རྒྱུན་དུ་ཞོར་ལས་རིགས་སྣ་ཚོགས་ཤིག་གཉེར་ཅི་ཐུབ་བྱས་ནས་ཡོང་སྒོ་འཚོལ་བཞིན་འདུག་པས་ད་ལྟ་ཁོ་ཚང་གི་བཟའ་མི་གང་བོའི་སེམས་སུ་བདེ་སྐྱིད་འཚོ་བའི་དྲོད་ཀྱིས་ཁེངས་ཡོད།

ལོ་ཅོ། སྔོན་ཆད་ཡིན་ན་ངའི་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་སྡུག་ནི་རེད།  གནས་ཚུལ་དེ་སྡེ་བའི་མགོ་ཁྲིད་པ་དང་ལས་བྱེད་པ་རྣམས་ཀྱིས་ཀྱང་ཤེས་ནི་རེད། དེ་བས་ང་ལ་རོགས་སྐྱོར་བྱས་ཏེ་གླིང་དཀར་སྡོད་ཁུལ་དུ་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་ཀྱིས་ང་ལ་རོགས་སྐྱོར་བྱེད་བཞིན་ཡོད་ནི་རེད། ཡིན་ཡང་རྒྱལ་ཁབ་ཀྱི་རོགས་སྐྱོར་ཁོ་ན་ཞིག་ལ་བལྟས་ནས་བསྡད་ན་མི་འགྲིག་གི  དེ་བས་རང་གིས་ཀྱང་འགྲོ་ཞོར་འདུག་ཞོར་དུ་རླངས་འཁོར་ནང་ནས་ས་བྱོ་བ་སོགས་ཞོར་ལས་ཆུང་ངུ་རེ་གཉེར་བ་དང་། ཆུང་མས་ཀྱང་གཞན་ལ་ཕྱུགས་ལས་གཉེར་རོགས་སོགས་བྱས་ནས་ཡོང་སྒོ་འདྲ་བཙལ་བས་ཡོང་སྒོ་ཡང་བཟང་གི དེ་མིན་གླིང་དཀར་སྡོད་ཁུལ་འདི་ན་གོང་རིམ་གྱིས་ང་ལ་ཁང་པ་བྱིན་ཡོད་པས་སྟབས་ཧ་ཅང་བདེ་ནི་རེད།  དེ་ཡིན་དུས་ཆུ་རྩིབ་ན་ཡོད་ནི་རེད། ལམ་རྩིབ་ན་ཡོད་ནི་རེད། ཁང་པ་སྐྱིད་ནི་རེད། ད་དེང་སྐབས་ཡིན་ན་ཧ་ལས་པ་སྐྱིད་ཀི

སྙན་སྒྲོན་པ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བའི་གནད་འཁེལ་དབུལ་སྐྱོར་གྱི་ཡང་དག་སྲིད་ཇུས་འོག    གླིང་དཀར་སྡོད་ཁུལ་གྱི་ཁྱིམ་ཚང་མང་པོ་ཞིག་ད་ལྟ་ལོ་ཅོ་ཚང་དང་འདྲ་བར་དབུལ་ཕོངས་ཀྱི་དཀའ་སྡུག་ལས་རྣམ་པར་རྒྱལ་ཏེ།  རང་ཉིད་ཀྱི་བརྩོན་འགྲུས་དང་ནུས་པར་བརྟེན་ནས། མ་འོངས་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་ལ་གོམ་ཁ་སྤོ་བཞིན་འདུག

སྙན་སྒྲོན་པ།ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་གླིང་དཀར་སྡོད་ཁུལ་གྱི་དམངས་སེམས་བདེ་སྐྱིད་འཚོ་བའི་དྲོད་ཀྱིས་ཁེངས་ཡོད་ཅེས་པ་དེ་ཡིན།




གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་མཁའ་རི་འབྲོག་ཨུ་ཁང་གི་ཀྲུའུ་རིན་སྲས་བྷོ་ལ་བཅར་འདྲི་བྱེད་བཞིན་པ།

གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གླིང་དཀར་འདུས་སྡེ་ཡི་སྡེ་མི་ལོ་ཅོ་ལ་བཅར་འདྲི་བྱེད་བཞིན་པ།

གསར་འགོད་པ། གཡང་འབུམ་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།