སྤེལ་དུས།2018.10.10 ཡོང་ཁུངས།རང་རེའི་ལས་ཁུངས།
4
0

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སྟག་ཤ་རས་ལས་དོན་རི་ནས་འགྲུབ་ཅེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནི་ཐེངས་འདིའི་བཅར་འདྲིའི་ས་ཚིགས་གསུམ་པ་ཡིན། ང་ཚོ་དར་ལག་རྫོང་དུ་ཐོན་དུས་རྫོང་དེའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ང་ཚོའི་བཅར་འདྲིའི་བྱ་བའི་ཐད་ལ་སྔ་མོ་ནས་བཀོད་སྒྲིག་གང་ལེགས་བྱས་འདུག  དར་ལག་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་བརྒྱུད། ང་ཚོས་གསང་རུ་མ་ཡུལ་ཚོའི་ཧྲུའུ་ཅི་ནུས་ལྡན་རྡོ་རྗེ་དང་འབྲེལ་འདྲིས་བྱས་པ་དང་། དུས་ཡུན་ཅུང་ཙམ་གྱི་རིང་ལ་ཁོ་དང་ཁ་བརྡ་བྱས་པའི་གོ་རིམ་ཁྲོད། ཁོས་ཐེངས་འདིའི་ང་ཚོའི་བཅར་འདྲིའི་བླང་བྱ་དང་འབྲེལ་བའི་མི་སྣ་ཞིག་གི་འཚོ་བའི་གནས་ཚུལ་ཐུང་ངུ་ཞིག་ང་ཚོར་ངོ་སྤྲོད་བྱས་བྱུང་།

ནུས་ལྡན་རྡོ་རྗེ། ང་ཚོའི་ས་ཆ་འདི་ན་མག་པ་ཞིག་ཡོད། ཁོ་ཚང་ཁྱིམ་ཚང་ཧ་ཅང་དབུལ་བོ་ཞིག་ཡིན། ཁོ་གསང་རུ་མ་ས་ཆ་འདིར་ཡོང་ནས་ལོ་བདུན་བརྒྱད་ཅིག་འགོར དེ་ནས་ཁྱིམ་ཐོ་ཡང་གསང་རུ་མར་བསྒྱུར་བས་ད་ལྟ་གསང་རུ་མའི་མི་ཡིན། ཁོ་ཚང་གི་ཆ་རྐྱེན་མི་ལེགས་པའི་ཁར་དབྱར་རྩྭའི་ཐོན་ཁུངས་ཀྱང་མེད། དེ་ལྟར་ལོ་མང་པོར་གཞན་ལ་གླ་བྱས་ནས་ཡོང་སྒོ་བཙལ་བཞིན་ཡོད། ཉེ་ལམ་རླངས་འཁོར་གྱི་ལྷུ་ལག་འཚོང་ས་དང་འགྱིག་འཁོར་སྦྱོར་བཟོ་བྱེད་ས་ཞིག་ཕྱེས་ནས་ཡོང་སྒོ་བཙལ་བཞིན་འདུག དེའི་རིགས་དེ་ང་ཚོས་ཀྱང་དབུལ་སྐྱོར་ལས་གསོ་སྦྱོང་གི་ཁྲོད་དུ་བཞག་ཡོད། ཁོས་ད་ལྟ་འདི་ལྟར་བཤད་བཞིན་འདུག སྔོན་ཆད་ཡིན་ན་ངེད་ཚང་གི་བཟའ་བཏུང་ཙམ་ལ་ཡང་དཀའ་ཁག་ཆེན་པོ་ཡོད། ད་ལྟ་རང་ཉིད་ཀྱིས་འབད་བརྩོན་བྱས་པས་ཁྱིམ་ཚང་གི་ཡོང་སྒོའི་ཐད་ལ་འཕར་སྣོན་ཆེན་པོ་ཡོད་ཀི་ཟེར་ནས་ངོས་ཟིན་གྱིན་འདུག

སྙན་སྒྲོན་པ། གསང་རུ་མ་ཡུལ་ཚོའི་ཧྲུའུ་ཅི་ནུས་ལྡན་རྡོ་རྗེས་འདོན་སྤྲོད་བྱས་པའི་ཁུངས་སྣེ་དེ་གཞིར་བཟུང་ནས། ཕྱི་ཉིན་ཞོགས་པར་ང་ཚོ་དར་ལག་རྫོང་ཐོག་ནས་ལམ་ལ་ཆས་ཤིང་ལྷུང་ལྷུང་དལ་གྱིས་འབབ་པའི་རྨ་ཀླུང་སྔོན་མོའི་བཞུར་རྒྱུད་དེད་དེ། སྤྱི་ལེ་བརྒྱད་ཅུ་ལྷག་གི་ལམ་ཐག་ཡོད་པའི་གསང་རུ་མ་ཡུལ་ཚོའི་ཕྱོགས་སུ་བསྐྱོད་པ་ཡིན། གསང་རུ་མ་ཡུལ་ཚོ་ནི་མཚོ་ངོས་ལས་ཆ་སྙོམས་ཀྱིས་རྨིད་བཞི་སྟོང་ལྔ་བརྒྱའི་མཚམས་ན་ཆགས་ཡོད་ཅིང་། ཡུལ་དེའི་མི་རྣམས་ཀྱིས་ཕྱུགས་ལས་ཐོན་སྐྱེད་གཙོ་བོར་བརྟེན་ནས་འཚོ་བ་རོལ་ཀྱིན་ཡོད། ས་དེའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བཟང་བས་སྡེ་བ་མང་ཆེ་ཤོས་ཤིག་གི་འཚོ་བའི་ཆ་རྐྱེན་དེ་ཅུང་བཟང་ན་ཡང་། སྡེ་བ་དང་ཁྱིམ་ཚང་རེ་རེ་དབུལ་ཕྱུག་དོ་མཉམ་པ་ཞིག་འོང་རྒྱུ་དེ་ཤིན་ཏུ་ཁག་པོའི་ལས་ཤིག་ཡིན་པ་སྨྲས་མ་དགོས་པ་ཞིག་རེད།

གསང་རུ་མ་ཡུལ་ཚོར་ཐོན་མ་ཐག་ཡུལ་གཙོ་ཞའེ་རྒྱ་མཚོའི་འགྲོ་རོགས་འོག   ང་ཚོ་མཉམ་དུ་བཅར་འདྲིའི་བྱ་བ་དངོས་ལ་ཞུགས་པ་ཡིན། གསང་རུ་མ་ཡུལ་ཚོའི་སྲིད་གཞུང་དང་ཐག་རིང་རྒྱུ་མེད་པའི་སྲང་ལམ་གྱི་གཡོན་འགྲམ་ལམ་ཁ་རུ་ཁང་ཤར་རིང་བོ་ཞིག་འདུག  ང་ཚོ་དེར་ཐོན་དུས་གཟུགས་གཞི་ཆུང་ཞིང་ཕར་བལྟས་ཚོད་ཀྱིས་ལོ་ན་བཞི་བཅུར་སོན་མ་ཐག་པའི་སྐྱེས་པ་ཞིག་གིས་ལྭ་བ་སྣུམ་ཧྲུལ་མ་ཞིག་གོན་ནས། རླངས་འཁོར་གྱི་ལྷུ་ལག་སྣ་ཚོགས་དང་འགྱིག་འཁོར་ཆེ་ཆུང་མང་པོ་ཡོད་པའི་ཁང་པ་ཞིག་གི་ནང་དུ་བྲེལ་འཚུབ་ཀྱིས་རླངས་འཁོར་གྱི་འགྱིག་འཁོར་ཞིག་སྦྱོར་བཟོ་བྱེད་ཀྱིན་འདུག  མ་གཞིར་དེ་ནི་སྔར་ཉིན་གསང་རུ་མ་ཡུལ་ཚོའི་ཧྲུའུ་ཅི་ནུས་ལྡན་རྡོ་རྗེ་ཡིས་ང་ཚོར་མཚམས་སྦྱོར་བྱས་པའི་མི་སྣ་དེ་ཡིན་འདུག ངས་ཁོ་ལ་ཁྱོད་རང་གི་འཚོ་བའི་རྒྱུད་རིམ་སྐོར་ནས་ང་ལ་ཁ་བརྡ་ཞིག་བྱེད་དགོས་པའི་རེ་བ་བཏོན་པར་ཁོ་རང་དགོད་བཞིན་དུ་དང་ལེན་བྱས་སོང་། ངེད་གཉིས་ཁོའི་ཁྱིམ་རྒྱབ་ཀྱི་ཅུང་ལྷིང་འཇགས་ཡིན་པའི་སྤང་ཐང་དེར་འགྲོ་ཞོར།    ངས“ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས་པར། ཁོས་ཁམས་པའི་སྐད་ཀྱིས“ངའི་མིང་ལ་ཐུབ་ཆུང་ཟེར། ཐུབ་ཆུང་ཟེར་བ་ནི་ངའི་ལུས་བོངས་ཆུང་བས་ཡིན། ངའི་ལུས་བོངས་འདི་འདྲ་ཆུང་དོན་ཡང་ང་རང་ཆུང་ངུའི་དུས་སུ་མགོ་ལ་སྡུག་མང་པོ་ཞིག་ཡོང་བ་དང་དཀའ་བ་མང་པོ་ཞིག་སྤྱད་པས་ལུས་ཀྱི་ཟུངས་ཟད་དྲགས་པས་ཡིན”ཟེར།

སྤྱིར་ན་ད་ལྟ་ངེད་གཉིས་ཀྱིས་ཕན་ཚུན་གྱི་མིང་ཙམ་ངོས་ཟིན་པ་ཙམ་ཡིན་མོད། ཁམས་པའི་ཕོ་གསར་ཐུབ་ཆུང་གི་སྐད་ཆ་དེས་ངའི་སེམས་སུ་སྐྱོ་སྣང་གི་ཚོར་བ་ཞིག་དབང་མེད་དུ་བསྐྱེད་བྱུང་། མཚམས་དེ་ནས་ཁོའི་མི་ཚེའི་འཚོ་བའི་གཏམ་རྒྱུད་ཐུང་ངུ་ཞིག་ཀྱང་རྒྱུན་མཐུད་ནས་འདི་ལྟར་བཤད་བྱུང་།

ཐུབ་ཆུང་། ང་རང་ཡིན་པ་ཕ་ཡུལ་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ནས་ཡིན། ཆུང་དུས་ནས་ཕ་མ་གཉིས་ཚེ་ལས་འདས་པས་རང་ལོ་བཅོ་ལྔའི་སྐབས་སུ་ང་ཕྱོགས་ཡར་མར་ཆ་བོ་འཁྱམས་ནས་སོང་ནི་རེད། ང་ཚོར་སྤུན་དྲུག་ཡོད་ཅིང་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པས་ཕན་ཚུན་གྱི་འཚོ་བའི་ཐད་རོགས་རམ་ཅི་ཡང་བྱེད་ཐུབ་ནི་མ་རེད། དེ་ནས་རང་ལོ་ཉི་ཤུར་བུད་དུས་ངས་བཟའ་ཚང་ཞིག་བཙལ་ནི་རེད། ངེད་གཉིས་ལ་བྱིས་པ་གཉིས་ཡོད། དེ་ནས་ངེད་བཟའ་མི་གཉིས་ཀྱིས་ཞོར་ལས་སྣ་ཚོགས་བཙལ་ནས་སྡུག་མང་པོ་མྱངས་ཤིང་སྡུག་མཐར་དུ་བུད་སོང་། དབྱར་ཆུ་ནང་དང་དགུན་བཙག་ནང་དུ་སྡུག་མྱངས་ནས་ངོ་མ་སྡུག་ཟེར་བ་མིག་གིས་རིག་ནི་རེད། དེ་ལྟར་ཡུད་ཙམ་སོང་རྗེས་ངའི་ཆུང་མ་འང་ཚེ་ལས་འདས་སོང་ནི་རེད། དེ་ནས་ད་ངས་རང་གི་བུ་བུ་མོ་གཉིས་ལག་མགོར་ཁྲིད་ནས་མགོ་ལོག་གསང་རུ་མའི་ས་ཆ་འདིར་འཁྱམས་ནས་ཡོང་ནི་ཡིན།

སྙན་སྒྲོན་པ།ཐུབ་ཆུང་གིས་སྐད་ཆ་བཤད་ནས་མཚམས་འདིར་ཐོན་དུས་ཁོའི་མགྲིན་པ་ཡང་ཡང་བརྣངས་ཤིང་། མིག་ཟུང་གི་མཐའ་ལ་མཆི་མས་ཡང་ཡང་བརླན་པ་དེས། ཁོའི་དྲན་པའི་ཡོལ་བའི་ངོས་སུ་འདས་ཟིན་པའི་སྐྱོ་སྡུག་གི་གཏམ་རྒྱུད་རེ་རེ་གློག་བརྙན་བཞིན་ཡང་བསྐྱར་ཐེངས་ཤིག་འཆར་བཞིན་པ་གཞི་ནས་གསལ་བོར་རྟོགས་ཐུབ་ནའང་། ངས་སྐབས་དེར་མགོ་ལྕོག་ལྡེམ་ཙམ་བྱས་ནས་ཁྱོད་ལ་ཁག་མི་འདུག་ཅེས་པའི་བརྡ་ཙམ་སྟོན་པ་ལས་འོས་འཚམས་ཀྱི་སྐད་ཆ་ཅི་ཡང་བཤད་རྒྱུ་མ་རྙེད། ཐུབ་ཆུང་གིས་སྐད་ཆ་བཤད་པའི་སྨྲ་ལྕེ་དེ་འདྲ་མི་བཟང་ནའང་ཁོའི་གདོང་གི་ཉམས་འགྱུར་དང་མིག་མདང་ལས་སེམས་ཀྱི་ན་ཟུག་དང་སྐྱོ་གདུང་ཡོད་ཚད་ཕྱི་རུ་མངོན་འདུག ཉིས་སྟོང་བདུན་ལོར་ཐུབ་ཆུང་གིས་རང་གི་བྱིས་པ་གཉིས་ཁྲིད་ནས་མགོ་ལོག་ཁུལ་གསང་རུ་མ་ཡུལ་ཚོར་ཐོན་རྗེས། ས་མཐའི་འཁྱམ་པོ་ཁོ་རང་བཟའ་ཚང་དགུ་ཡི་བདག་པོར་གྱུར་སོང་། ཁ་དཔེ་ལ། བཟའ་དགུ་སྟག་གིས་མི་སོས་ཞེས་པ་ལྟར། ཐུབ་ཆུང་གིས་སྔར་ལས་དཀའ་ཁག་ཆེ་བའི་འཚོ་བ་ཞིག་ལ་གདོང་གཏོད་དགོས་སོང་།

ཐུབ་ཆུང་། གསང་རུ་མ་ཡུལ་ཚོར་ཐོན་རྗེས་ངས་མུ་མཐུད་དུ་ཞོར་ལས་སྣ་ཚོགས་ལས་པ་དང་དེ་ནས་ས་འདི་རུ་ཆུང་མ་ཞིག་ཀྱང་བླངས་པ་ཡིན། ང་ལ་བྱིས་པ་གཉིས་དང་ཆུང་མའི་རྗེས་ན་བྱིས་པ་གཅིག  དེ་ནས་ང་དང་ཆུང་མ་གཉིས་ལ་བྱིས་པ་གསུམ་སྐྱེས་པ་དང་། ངའི་བུ་མོ་ཆེ་བར་ཡང་བྱིས་པ་གཅིག་སྐྱེས་ཡོད་པས་ཁྱོན་སྡོམ་པས་ངེད་ཚང་ལ་བཟའ་ཚང་དགུ་ཡོད། ངེད་བཟའ་མི་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་བ་དང་རྒྱ་སྲང་གི་གད་སྙིགས་གཙང་སྤྲ་བྱེད་པ། ས་ལས་རྡོ་ལས་བྱེད་པ་བཅས་བྱས་ནས་སྒོར་མོ་ཅུང་ཙམ་ཞིག་རྙེད་བྱུང་བས་ངེད་གཉིས་ཀྱིས་རྗེས་ཕྱོགས་ཀྱི་འཚོ་བ་ཇི་ལྟར་གོང་འཕེལ་དུ་གཏང་རྒྱུ་དང་། མ་འོངས་པར་བྱིས་པ་རྣམས་ཀྱི་ཁ་ཇི་ལྟར་གསོ་བའི་ཐད་ལ་འདང་བརྒྱབས་པ་ཡིན།

སྙན་སྒྲོན་པ།དེ་ལྟར་ཐུབ་ཆུང་བཟའ་མི་གཉིས་ཀྱིས་འཚོ་བའི་དོན་དུ་དཀའ་སྡུག་ཚད་མེད་མྱངས་མཐར་ད་གཟོད་མ་རྩ་སྒོར་མོ་འགའ་ཡང་གསོག་ཐུབ་པར་གྱུར། སྐབས་དེར་ཐུབ་ཆུང་གི་བསམ་པར་གསང་རུ་མ་ཡུལ་ཚོ་ནི་ཟི་ཁྲོན་དང་མཚོ་སྔོན་གྱི་ས་ཆ་སྐོར་ཞིག་ལ་འགྲོ་ན་རླངས་འཁོར་མང་པོའི་རྒྱུ་ལམ་ཉག་གཅིག་ཡིན་པ་དང་། རླངས་འཁོར་གྱི་ལྷུ་ལག་དང་འགྱིག་འཁོར་བརྗེ་གསོར་བྱེད་དགོས་པ་ཤིན་ཏུ་མང་ཡང་། ས་དེ་ན་དེ་འདྲའི་ཆེད་ལས་ལག་རྩལ་པ་མེད་པར་གཞིགས་ནས་ཁོས་ད་གཟོད་རླངས་འཁོར་གྱི་ལྷུ་ལག་འཚོང་ས་དང་འགྱིག་འཁོར་སྦྱོར་ས་འདི་འདྲ་ཞིག་ཕྱེས་པ་རེད།

ཐུབ་ཆུང་།  དེ་ནས་ད་ཟ་ཁང་ཆུང་ཆུང་ཞིག་ཕུད་པ་དང་དེའི་ཡོང་སྒོ་སོགས་ལ་བརྟེན་ནས་འགྱིག་འཁོར་སྦྱོར་ས་འདི་འདྲ་ཞིག་ཕྱེས་ནི་ཡིན། ས་འདི་ན་རླངས་འཁོར་མང་ནི་རེད། ཡིན་ནའང་བོད་ཀྱི་ནང་ན་འགྱིག་འཁོར་སྦྱོར་བཟོ་བྱེད་ཤེས་ནི་མེད་ཀི འགྱིག་འཁོར་སྦྱོར་ས་འདི་འདྲ་ཕྱེས་ན་སྡུག་ཆེན་པོ་ཡོད་ནི་རེད། མཚན་མོ་ཡིན་ཡང་མགྲོན་པོ་ཐོན་ནས་འགྱིག་འཁོར་སྦྱོར་དགོས་ཟེར་ན་ཡར་ལངས་ནས་འགྱིག་འཁོར་སྦྱོར་དགོས་ནི་རེད། ཉིན་དཀར་ཡང་དེ་བཞིན་དུ་ལྷུ་ལག་བརྗེ་བསོར་དང་འགྱིག་འཁོར་སྦྱོར་བ་སོགས་ལས་ཀ་ལས་ནས་སྡུག་མྱངས་དགོས་ནི་རེད། དེ་ལྟར་རང་གིས་འབད་བརྩོན་ཞིག་མ་བྱས་ན་སྒོར་མོ་ལག་ལ་ཡོང་ནི་མ་རེད།  རང་གིས་འབད་བརྩོན་བྱས་པས་ད་ལྟ་ངེད་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནི་རེད།

སྙན་སྒྲོན་པ། ཐུབ་ཆུང་གི་ཁ་བརྡ་མཇུག་རྫོགས་རྗེས་ངས་ཁོའི་ཆུང་མར་ཡང་ཁོ་ཚང་གི་སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་ཞིག་འདྲི་རྩིས་ཀྱིས་ཁོ་ཚང་ལ་ཐོན་དུས། ཁྱིམ་དུ་བྱིས་པ་ཆུང་ཆུང་གཉིས་ཀྱིས་དེང་རབས་ཀྱི་ཉལ་ཁྲི་ཞིག་གི་སྟེང་དུ་བསྡད་དེ་བརྙན་འཕྲིན་ལ་བལྟས་འདུག་པ་ལས།  ཁོའི་ཆུང་མ་དང་བུ་མོ་ཆེ་བ་གཉིས་ཕྱི་རུ་བུད་སོང་བས་གནས་ཚུལ་འདྲི་རྒྱུའི་གོ་སྐབས་བྱུང་མ་སོང་།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སྟག་ཤ་རས་ལས་དོན་རི་ནས་འགྲུབ་ཅེས་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།

གསར་འགོད་པས་གསང་རི་མ་ཡུལ་ཚོའི་ཧྲུའུ་ཅི་ནུས་ལྡན་རྡོ་རྗེ་ལ་བཅར་འདྲི་བྱེད་བཞིན་པ།

གསར་འགོད་པས་གསང་རི་མ་ཡུལ་ཚོའི་ཁེ་ལས་པ་ཐུབ་ཆུང་ལ་བཅར་འདྲི་བྱེད་བཞིན་པ།

ཁེ་ལས་པ་ཐུབ་ཆུང་གིས་སྤྲོ་སྣང་དང་བཅས་རང་གི་ལས་གར་འབད་བཞིན་པ།

གསར་འགོད་པ། གཡང་འབུམ་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།





གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།