སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་རྡོ་འཚོལ་མཁན་གྱི་སྐྱེས་པ་ཞེས་པར་གསན་རོགས་གནོངས།
སྙན་སྒྲོན་པ།དབྱར་ཟླ་བདུན་པའི་མཐོ་སྒང་གི་ཞོགས་པའི་མཁའ་དབུགས་ནི་དྭངས་ཤིང་བསིལ་ལ་ཞོགས་པའི་དྭངས་གཙང་གི་མཁའ་དབུགས་ཁྲོད། ང་ཚོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཐོག་ནས་ཁྱི་འབྲི་ཡུལ་ཚོའི་ཕྱོགས་སུ་ལམ་ལ་ཆས་པ་ཡིན། ཅུང་རྒྱང་ཐག་རིང་བའི་ས་ནས་བལྟས་ཚེ་དབྱར་ཟླ་བདུན་པའི་རྟེན་འབྲེལ་ཐང་ནི་གཡུ་ཡི་གཞོང་པ་ཞིག་དང་ཀུན་ནས་མཚུངས་ཤིང་། ཉིན་མོ་དེར་ཁོ་ཆུ་གཙང་བོ་ལྷུང་ལྷུང་འབབ་པའི་གཡས་ཕྱོགས་ཀྱི་རྟེན་འབྲེལ་ཐང་དུ་སྦྲ་གུར་སྣ་ཚོགས་ཀྱི་ཕྲ་རྒྱན་བཀོད་པས་གཡུ་ཡི་གཞོང་པ་ཞིག་ལ་ཞོ་དཀར་གྱི་མཆོད་པ་ཕུལ་བ་དང་ཀུན་ནས་མཚུངས། ཏག་ཏག་ཉིན་དེ་ནི་ཁྱི་འབྲི་ཡུལ་ཚོའི་སྐབས་དང་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐབས་གསུམ་པའི་གླིང་རྟེན་འབྲེལ་གསེར་ཁྲི་རྟགས་མའི་རྟ་རྒྱུགས་འགྲན་བསྡུར་དུས་སྟོན་མཛད་སྒོ་ཡིན་པས། ཕྱོགས་ཡོངས་ཀྱི་ལྟད་མོ་བ་མང་པོའི་འདུ་འགོད་དབྱར་གྱི་སྤྲིན་དང་མཚུངས་ཤིང་། མི་སྒེར་དང་ཚོགས་པ་སོགས་ཁེ་ལས་བ་མང་པོ་ཞིག་གིས་ཀྱང་དུས་སྟོན་དེའི་གོ་སྐབས་འཆོར་མེད་དུ་བཟུང་སྟེ། དུས་སྟོན་གྱི་ཡུལ་དངོས་སུ་ཡོང་ནས་དགའ་སྤྲོའི་ལྟད་མོ་སྣ་ཚོགས་ཀྱི་དཔལ་ལ་རོལ་བཞིན་དུ། རང་རང་གི་ལག་ཤེས་བཟོ་ལས་ཀྱི་རྩལ་ལས་ཐོན་པའི་ཁྱད་ཐོན་དངོས་རྫས་སྣ་ཚོགས་ཤིག་ཀྱང་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་ཀྱིན་འདུག སྐབས་དེར་ངས་ཁོམ་སྐབས་ཀྱི་གླགས་དང་བསྟུན་ནས་གྲལ་བསྒྲིགས་པའི་འགྲེམ་འཚོང་ཁང་དེ་དག་ལས་རེ་གཉིས་ཤིག་ལ་རྒྱུས་ལོན་རགས་ཙམ་བྱས་པར། སྦྲ་གུར་ཆུང་ངུ་ཞིག་གི་ནང་དུ་རྡོ་བ་སྣ་ཚོགས་ཞིབ་བརྡར་བྱས་ནས་ལས་པའི་རིན་པོ་ཆེ་གཟི་འམ་མཆོང་གི་དབྱིབས་ཅན་དང་། དེ་མིན་དབྱིབས་དང་མདོག་སྣ་ཚོགས་པའི་སྐེ་རྒྱན་དང་མཛུབ་དཀྲིས། ལག་གདུབ་སོགས་མིག་དབང་འཕྲོག་པར་བྱེད་པའི་རྒྱན་ཆ་དང་ཡོ་བྱད་སྣ་ཚོགས་ཤིག་མཐོང་བྱུང་བས། རང་དབང་མེད་པར་དེ་ལ་ཞིབ་ལྟ་ཞིག་དང་དེའི་ཐོན་ཁུངས་སྐོར་ལ་རྒྱུས་ལོན་ཞིག་བྱེད་འདོད་ཀྱི་འདུན་པས་ཡོངས་སུ་བརྟས། སྦྲ་གུར་གྱི་ནང་དུ་འཚང་ཁ་ཤིག་ཤིག་བྱེད་པའི་ལྟད་མོ་བ་དང་ཚོང་བ་རྣམས་ཀྱི་ཁྲོད་དུ་ལོ་ན་དྲུག་ཅུར་ཉེ་བའི་རྒན་པོ་ཞིག་གིས་རྒྱུ་ཆ་རྡོ་ལས་གྲུབ་པའི་དངོས་རྫས་དེ་དག་གི་བཟོ་ལུགས་དང་རིན་གོང་སོགས་རེ་རེ་བཞིན་ངོ་སྤྲོད་བྱེད་ཀྱིན་འདུག སྦྲ་གུར་ནང་གི་མི་ཚོགས་ཅུང་ཙམ་བྱང་བའི་གླགས་དང་བསྟུན་ནས། ང་རང་རྒན་པོ་དེའི་ཉེ་སར་བཅར་ནས་ཁོང་དང་ཁ་བརྡ་བྱེད་མགོ་བརྩམས་པ་ཡིན། ཁོང་གི་མིང་ལ་ཀླུ་ཐར་ཟེར་ཞིང་ཁྱི་འབྲི་ཡུལ་ཚོ་ཧ་སྐོར་སྡེ་བའི་རུ་ཆེན་དང་པོའི་མི་རེད། ངས་ཁོང་གི་ཞིབ་ཚགས་དང་གཟབ་ནན་གྱི་ལག་ཤེས་ལས་ཐོན་པའི་རྡོ་ཞིབ་བརྡར་བྱེད་པའི་ལག་ཤེས་སྒྱུ་རྩལ་དེ་ལ་རྒྱུས་ལོན་བྱས་པ་བརྒྱུད། ཁོས་རང་གི་སྐྱིད་ལ་སྡུག་པའི་མི་ཚེའི་འཚོ་བའི་གཏམ་རྒྱུད་ཐུང་ངུ་ཞིག་ཀྱང་ང་ལ་འདི་ལྟར་བཤད་བྱུང་།
ཀླུ་ཐར། དེང་མ་ངེད་བཟའ་བ་གཉིས་ཀ་ཡོད་ནི་རེད། བྱིས་པ་ལྔ་ཡོད། དེའི་སྐབས་སུ་འཚོ་བ་མི་ཧྲ་ཀི མི་ཧྲ་ཀི་ར་ང་རང་ཡར་མར་ལ་ཉུལ་ནས་ཚོང་ཆུང་ཆུང་རེ་རྒྱག་ཁུལ་བྱས་ནས་ཁྱིམ་ཚང་གི་འཚོ་བའི་ཁ་གསབ་ཙམ་བཙལ་ཏེ་ཁ་གསོ་ཐབས་བྱས་པ་ཡིན། རང་ལོ་སོ་བརྒྱད་ལ་བུད་པའི་ལོ་དེར་ཆུང་མ་ཚེ་ལས་འདས་སོང་། སྐབས་དེར་བྱིས་པ་ཚོར་ངས་སློབ་གསོ་འདི་ལྟར་བཏང་ནས། ད་སྐྱིད་ཞེས་པ་དེ་འདི་མོ་མི་རྟག་པ་ཞིག་རེད། སྡུག་ཟེར་བས་འདི་ལྟར་མནན་དང་ཐལ། བུ་མོ་ཆ་བོ་ཡིན་ན་ར་རྗེས་ཕྱོགས་འཆར་ལྡན་བུ་སྐྱེས་ལྟར་བྱིས་པ་གཉིས་རེ་མ་གཏོགས་མི་སྐྱེས་རྒྱུ་བྱོས། སྐབས་དེར་ལོ་ན་ཆུང་བའི་དྭ་ཕྲུག་ལྔ་ཡོད་པ་རང་གིས་སྐྱོང་ཐབས་བྱས་ནས་ཡོང་བ་ཡིན། བུ་གཅིག་ཡོད་པུར་ཡང་ཁྱོད་ཀྱིས་ས་འདི་ནས་དོན་དག་གཞན་བསྒྲུབ་ཐུབ་ནི་མ་རེད། དེ་བས་སྐུ་འབུམ་དགོན་པར་སོང་ནས་གྲྭ་བ་བྱོས་དང་ཁྱོད་ཀྱིས་རང་སེམས་འདུལ་ཐུབ་ནི་རེད། ཁྱོད་ཀྱི་འཚོ་བའི་འདུན་ལམ་དེ་ན་ཡོད་ནི་རེད། རྗེས་ཕྱོགས་བཟའ་ཉོག་གི་ནང་དུ་བརྒྱབ་ན་དཀའ་ནི་རེད། དེ་བས་ཁྱོད་དེར་སོང་ནས་སློབ་གཉེར་གྱིས་དང་། ཁྱོད་ལ་མཐུན་རྐྱེན་ཅི་ཞིག་བསྒྲུབ་དགོས་ན་ངས་བསྒྲུབ་ཟེར་ནས་སྐུ་འབུམ་བྱམས་པ་གླིང་དུ་བསྐྱལ་བ་ཡིན། ད་ལྟ་ཁོ་ཡང་གྲྭ་ས་ནས་ལོ་སུམ་ཅུ་འདས་ཤིང་དགེ་བཤེས་ཡག་པོ་ཞིག་འཁྱོངས་ཡོད། བཟའ་ཉོག་གི་སྟེང་དུ་བརྒྱབ་ན་དཀའ་ནི་རེད། ཁྱོད་ཚོས་ང་ལ་ལྟོས་དང་སྡུག་ཟེར་བ་དེ་ཇི་ལྟར་ཡོང་མིན་མི་ཤེས་ཀི བཟའ་ཚང་དགའ་ཞིག་ཡོད་ནོ་རང་ལ་མ་དབང་ཐལ། ད་ལྷག་པར་དུ་ད་ལྟ་འུ་ཚོའི་ས་ཆ་འདི་ནས་ལོ་རེ་བཞིན་ས་ནག་གི་ཁེབ་རྒྱ་ཇེ་ཆེ་རེད། རྩྭ་ས་བགོས་བཞག་ཡོད་པས་ཇེ་ཆེར་འགྲོ་རྒྱུར་ཡོད་ནི་མ་རེད། དེའི་སྟེང་འཚོ་བ་རོལ་མཁན་གྱི་མི་གྲངས་ཇེ་མང་རེད། ས་དེའི་སྟེང་ལ་མི་གྲངས་གཉིས་གསུམ་ཞིག་ཡོད་དུས་ད་ཁ་མ་སོས་ཁོ་ཐག་ཆད་སོང་ནི་རེད་ཅེས་བཤད་པ་ཡིན།
སྙན་སྒྲོན་པ། གནའ་མིའི་ཁ་དཔེར། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཅེས་པའི་དཔེ་ལྟར། ཀླུ་ཐར་ལ་མཚོན་ན་སྐབས་དེར་ཕོ་ལོ་སོ་བརྒྱད་ཙམ་ལས་མེད་པའི་གསར་བུ་ཞིག་གི་ལུས་སེམས་གཉིས་ཀྱི་རྟེན་གཞིར་གྱུར་བའི་ཆུང་མ་དེ་ཁོ་དང་གཏན་དུ་བྲལ་སོང་བས། ཁོ་ལ་གློ་བུར་དུ་ས་རུབ་པ་ལྟ་བུའི་སྡུག་བསྔལ་གྱི་མུན་པས་ཡོངས་སུ་གཙེས་ནའང་། རེ་བའི་མིག་གིས་ཁོ་ལ་རིག་རིག་ཏུ་ལྟ་བའི་བྱིས་པ་ལྔ་བོའི་འཚོ་ཚིས་ཀྱི་ཆེད་དུ། ཁོས་ད་དུང་ཨམ་གཙིགས་བསྡམས་ཏེ་མི་ཚེ་ཞེས་པའི་ཀྱག་ཀྱོག་གི་ཁུགས་སོ་འདི་ནས་ཡང་བསྐྱར་ཡར་ལ་མི་འགྲེང་ཀ་མེད་རེད། དེ་བས་ཁོས་རང་སའི་ཐོན་ཐུངས་བེད་སྤྱད་དེ་རྡོ་བཙལ་བ་དང་རྡོ་ཞིབ་བརྡར་བྱས་ནས་རྒྱན་ཆ་དང་ཡོ་བྱད་སྣ་ཚོགས་བཟོས་ཏེ། དེ་ལ་བརྟེན་ནས་རང་གི་ཁྱིམ་ཚང་གི་འཚོ་བའི་ཡོང་འབབ་ཙམ་འཚོལ་བའི་དཀའ་སྡུག་གི་རྒྱུད་རིམ་རིང་མོའི་ལས་དེ་ཡང་འདི་ནས་མགོ་བརྩམས་པ་ཞིག་ཅི་ལ་མིན།
ཀླུ་ཐར། རྡོ་བཙལ་དུས་ཇི་ལྟར་བཙལ་ནི་ཡིན་ཟེར་ན། གཙོ་བོ་ཁོ་ཆུ་གཉིས་དང་དགུ་ཆུའི་རྒྱུད་ནས་བཙལ་བ་ཡིན། དེའི་རྫ་ཁ་ར་སོང་ནི་རེད་ལ་ཆུ་གཞོང་ལ་ཡང་སོང་ནི་རེད། ད་དེ་རིང་དགའ་བདེ་རྫོང་དུ་རླངས་འཁོར་ཞིག་འགྲོ་ནི་ཡོད་ན། ཁྱོས་ང་ཁྱེར་ནས་ལམ་སྐེད་ཅིག་ལ་འཕེན་རོགས། ཕྱི་དྲོ་ཡང་ང་ཅིག་ལེན་དུ་ཡོང་རོགས་ཟེར་ནས་སོང་བ་ཡིན། ད་དེ་ལྟར་རླངས་འཁོར་དེ་ཕྱིར་ཡོང་བའི་བར་དུ་འཁྱགས་ན་ལྟོགས་ན་བསྲན་ནས་ཉིན་གང་བོར་རྡོ་བཙལ་ནི་ཡིན། རྡོ་གཅིག་རེ་རྙེད་དུས་གཉིས་རེ་རྙེད་དུས་དེ་འདྲ་བྱས་ནས་རྡོ་བཙལ་བ་ཡིན། ཕྱིར་ཡོང་ནས་ད་རྡོ་བརྡར་དགོས་ནི་རེད། ད་དེང་མ་རྡོ་བརྡར་སྤྱད་ཡོད་ནི་མ་རེད། རྡར་ལ་བརྡར་ནི་རེད། དེ་ལྟར་བརྡར་ན་ད་ལག་པ་བཅད་ནོ་དང་ཆུ་དཀར་རྒྱབ་ནོ། སེན་མོ་བཀས་པ། ཁྲག་བཞུར་ནོ། གོན་པ་རལ་བར་བྱས་པ། ལྷག་པར་དུ་ཁ་ནང་མིག་ནང་དུ་རྡུལ་འཚངས་པ་གཞན་གྱིས་མི་ཉན་ཟེར་ཡང་། ངའི་བསམ་པར་རྡོ་འདི་དག་ཚང་མ་རིན་པོ་ཆེ་སྨན་རྡོ་ཡིན་པས་དྲག་ནི་རེད་འདོད་ལ། དེ་རྗེས་ནས་ངོ་མ་དྲག་ཀྱང་དྲག་གི
སྙན་སྒྲོན་པ། གནའ་ནས་ད་ལ་ཐུག་གི་བར་དུ། མིའི་རིགས་ཀྱི་བློ་སྐྱེད་ནི་སྦྱོང་བརྡར་གྱི་གོ་རིམ་ལས་བྱུང་བ་ནི་ཆོས་ཉིད་དུ་སྲིད་པས། དུས་ཡུན་རིང་བོ་ཞིག་ལ་རྡོ་འཚོལ་མཁན་གྱི་སྐྱེས་པ་འདིས་ད་ལྟ་རྡོ་རིགས་སྣ་ཚོགས་ལས་གང་ཞིག་རིན་པོ་ཆེའི་རིགས་སུ་གཏོགས་པ་དང་། དེ་མིའི་ལུས་ལ་བཏགས་པའི་ཕན་ཡོན་སོགས་གཞུང་ལུགས་བཞིན་དུ་སྨྲ་བར་སྤོབས་པ་ནི་ཤིན་ཏུ་ཁྱད་མཚར་ཞིང་། དེ་ལས་ཀྱང་ཡིད་སྤྲོ་བ་ཞིག་ནི་ད་ལྟ་ལོ་ན་དྲུག་ཅུའི་རྐས་རྐང་ལ་བསྙེགས་པའི་རྡོ་འཚོལ་མཁན་གྱི་སྐྱེས་པ་འདིས་དཀའ་སྡུག་གི་རྔུལ་ཆུ་གཏོར་ས་ན་རེ་འབྲས་ཀྱི་མེ་ཏོག་འཁྲུངས་ཡོད་པ་དེ་རེད།
ཀླུ་ཐར། དེང་མ་རང་ཁས་ཀྱིས་སྒོར་མོ་བརྗེ་ནི་ཅན་པོ་དེ་ཕྲེང་བ་གཅིག་ལ་སྒོར་མོ་སྟོང་ཚོ་བཞི་ནས་ལྔ་བྱས་ཏེ་བཙོང་མྱོང་། དེའི་རྗེས་ནས་རྟ་དང་རླངས་འཁོར་ཉོ་དུས་ཕྲེང་བ་ཞིག་གི་རིན་གོང་སྒོར་མོ་ཁྲི་གཅིག་གི་རིན་པར་བཀུག་མྱོང་། ཆགས་བཞག་ན་དེང་མ་ངའི་ལག་ན་སྒོར་མོ་གཅིག་ཀྱང་མེད་ཀི ངས་རྡོ་བཙལ་ཟིག རྡོ་བརྡར་ཟིག རང་གི་རྡོ་ཕར་ལ་བཙོང་བའི་རིན་པ་དེ་ཕྱིར་རྡོ་ཡི་སྟེང་དུ་བཀོལ་དང་ནི་རེད། དེ་བས་ད་ལྟ་ང་རྡོ་བརྡར་སྤྱད་ཀྱི་འཕྲུལ་འཁོར་ཡང་སྒོར་མོ་ཁྲི་བཅུ་ཁ་བཅོ་ལྔ་ཞིག་གི་རིན་པ་ཡོད། དེའི་ཕན་ནས་ངས་མཆོད་ཁང་སོགས་མང་པོ་ལས་ཡོད། རྡོ་ཞིབ་བརྡར་བྱེད་རྒྱུ་འདི་གཞན་ཞིག་གི་ལག་ཏུ་འཇོག་རྒྱུ་ན་ཡོང་སྒོ་ཆེན་པོ་ཡོད་ཀི ངའི་ལག་ནས་ར་ད་ལྟ་རྡོ་བརྡར་སའི་ཁང་པ། བཤམས་སའི་ཁང་པ་སོགས་བཟོ་གྲྭའི་ཚུགས་ཀ་འདྲ་བོ་ཞིག་ལས་ཡོད་ནི་རེད། དེ་ད་ཚང་མ་རྡོ་ཡི་ཡོང་སྒོ་རེད། ད་ལྟ་འཕྲུལ་འཁོར་དང་རྡོ་ཚང་མ་བྱས་ན་ང་སྒོར་མོ་ཁྲི་སུམ་ཅུ་བཞི་ཅུ་ཞིག་ཡོད་རྒྱུ་རེད། ད་དུང་འཚོང་སོང་ན་དེས་ཅིག་ཚད་ཀྱི་མ་རེད། དེ་ལྟར་ད་ལྟ་ད་ངའི་ཁྱིམ་ཚང་ཧྲ། ཁྱིམ་ཚང་སྐྱིད་པོ་ཡིན། ངས་ཁྱོད་ངོ་མས་ཟེར་གོ་ནི་ཡིན།
སྙན་སྒྲོན་པ།རྡོ་འཚོལ་མཁན་གྱི་སྐྱེས་པ་དང་ཁ་བརྡ་བྱས་པའི་གོ་རིམ་འདི་ནས་རེ་ཞིག་མཇུག་བསྡུས་སོང་། ཁོ་ནི་འགན་འཁྲི་གསལ་ཞིང་གཞུང་རྒྱུད་དྲང་བའི་ཕལ་བའི་ཨ་ཕ་ཞིག་ནས། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བཟོ་བོ་མཁས་པ་ཞིག་ཏུ་གྱུར་བའི་གོ་རིམ་ནི་ཁོའི་ཀྱག་ཀྱོག་གི་མི་ཚེ་གྲུབ་པའི་གདངས་དབྱངས་ཀྱི་འགྱུར་ཁུགས་ཡིན།
སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་རྡོ་འཚོལ་མཁན་གྱི་སྐྱེས་པ་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།
གསར་འགོད་པས་རྒན་པོ་ཀླུ་ཐར་ལ་རྡོ་ཡི་རྒྱན་ཆའི་སྐོར་ནས་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པ། གཡང་འབུམ་རྒྱལ།
རྩོམ་འགན་པ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།