༼ གངས་རྒྱན་མེ་ཏོག ༽ དུས་དེབ་རྩོམ་སྒྲིག་པ་ཀླུ་འབུམ་རྒྱལ།
སྙན་སྒྲོན་པ།ཉན་མཁན་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ།
སྤྱི་ཟླ་དྲུག་པའི་ཚེས་དགུ་ཉིན་ང་ཚོ་གསར་འགོད་པའི་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་འབྱོར་བ་དང་། ཀུན་གྱིས་ཤེས་གསལ་ལྟར། ༼ གངས་རྒྱན་མེ་ཏོག ༽ ཅེས་པའི་བོད་ཡིག་སྙན་དེབ་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བཞིན་ཡོད་ཅིང་། རྒྱ་ཆེའི་ཀློག་པ་པོ་ཁྲི་སྟོང་མང་པོའི་ཡིད་ཀྱི་དགའ་བ་འགུག་པའི་སྙན་དེབ་གྲགས་ཅན་ཞིག་ཡིན། ལོ་ངོ་སུམ་ཅུར་ཉེ་བའི་རིང་༼ གངས་རྒྱན་མེ་ཏོག ༽ དུས་དེབ་ཀྱིས་དཀའ་ཚེགས་ཆེ་ཞིང་ཀྱག་ཀྱོག་ལྡན་པའི་འཚོལ་སྙེག་གི་ལམ་བུ་གང་མང་བརྒྱུད་མྱོང་བ་ནི། དཔེར་ན་ཐོག་མར་གོམ་འགྲོས་ལ་སློབ་པའི་ལོ་ཆུང་བྱིས་པ་ཞིག་དང་འདྲ་བར། དཀའ་སྡུག་གི་ལོ་ཟླ་རིང་མོ་དེའང་སྙིང་སྟོབས་དང་ཡིད་ཆེས་ཀྱི་གོམ་པ་གང་རེ་གང་རེས་འདས་ཤིང་། མདུན་སྐྱོད་ཀྱི་གོམ་ཁ་ནམ་ཡང་ཆད་མ་མྱོངས་ཤིང་། རིམ་བཞིན་དུ་ཉིང་ལག་རྒྱས་པ་དང་། ད་ལྟ་འཚར་ལོངས་བྱུང་སྟེ་རང་ཉིད་ཀྱི་མདུན་ལམ་ལ་སྙེག་ཐུབ་པ་བྱུང་བར་མ་ཟད། འཕེལ་རྒྱས་ཀྱི་བཤུལ་ལམ་སྟེང་ནས་དོན་སྙིང་ལྡན་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་རྐང་རྗེས་ཕབ་ཡོད། ཡང་ང་ཚོས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ༼ གངས་རྒྱན་མེ་ཏོག ༽ དུས་དེབ་ཀྱི་འཚར་ལོངས་དང་གྲུབ་འབྲས་དེ་དག་ནི་ངེས་པར་དུ་སྙན་དེབ་དེའི་རྩོམ་སྒྲིག་པ་དག་གི་དཀའ་ལས་དང་རྔུལ་ཆུ་ཡིན་ལ། ལོ་སྣེར་ལོ་དང་ཟླ་སྣེར་ཟླ། ཉིན་དང་མཚན་བྱས་ནས་མི་རིགས་སྐད་ཡིག་དང་རྩོམ་རིགས་ལ་ཕུལ་བའི་ལག་རྗེས་བླ་མེད་ཀྱང་ཡིན། དེ་ལས་ཀླུ་འབུམ་རྒྱལ་ནི་ལོ་རབས་དགུ་བཅུའི་དུས་མཇུག་ཙམ་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། སྔ་གཞུག་ཏུ༼ ནུབ་བྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ ༽ དང༼ མཚོ་སྔོན་སློབ་ཆེན་རིག་གཞུང་དུས་དེབ ༽ ༼ སྦྲང་ཆར ༽ ༼ བོད་ཀྱི་རྩོམ་རིག་སྒྱུ་རྩལ ༽ ༼ ཟླ་ཟེར ༽ ༼ མཚོ་སྔོན་བོད་ཡིག་ཚགས་པར ༽ སོགས་བོད་ཀྱི་དུས་དེབ་དང་ཚགས་པར་སྟེང་དཔྱད་རྩོམ་དང་བརྩམས་སྒྲུང་། ལྷུག་རྩོམ། བསྒྱུར་རྩོམ་སོགས་བརྩམས་ཆོས་བདུན་བཅུ་ལྷག་སྤེལ་མྱོང་། 2009ལོར་ལྷུག་རྩོམ་དེབ༼ སེམས་ཀྱི་རང་སྒྲ ༽ ཞེས་པ་པར་དུ་བསྐྲུན་པ་དང་། 2014ལོར༼ བོད་ཀྱི་ལྷ་མོ་འཁྲབ་གཞུང་ངོ་སྤྲོད་མདོར་བསྡུས ༽ ཞེས་པ་རྩོམ་སྒྲིག་བྱས། 2018ལོར་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ༼ འཚོལ་སྙེག་དང་བསམ་གཞིག ༽ ཅེས་པ་པར་སྐྲུན་བྱེད་མུས་སུ་མཆིས་ཤིང་། མིག་སྔར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང༼ གངས་རྒྱན་མེ་ཏོག ༽ དུས་དེབ་ཀྱི་གཙོ་སྒྲིག་པའི་འགན་བཞེས་ཡོད།
༼ བཅར་འདྲིའི་སྐད་ཆ། ༽
ཀླུ་འབུམ་རྒྱལ། ང་རང་ཉིད་ལ་མཚོན་ན་གཅིག་དགུ་གོ་དྲུག་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། དེ་ནས་གཞུང་ཕྱོགས་ཀྱིས་ལས་བགོས་བྱས་པ་ལྟར་མཚོ་ནུབ་ཁུལ་དུ་ཡོང་བ་ཡིན། ང་དང་ཐོག་ས་འདིར་ཡོང་དུས་དཔེ་ཆ་འགའ་དང་མལ་ཆས་འགའ་ལས་དངོས་པོ་ཅི་ཡང་མེད་ལ། མི་ངོ་ཤེས་ཀྱང་མང་པོ་མེད། ༼ གངས་རྒྱན་མེ་ཏོག ༽ སྐབས་བཞི་བའི་རྩོམ་སྒྲིག་པ་འཕགས་པ་ཐར་ནི་སྔོན་ཆད་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཡོད་དུས་ནས་ངོ་ཤེས་པོ་འདུག ས་འདིར་ཐོན་ནས་ཐོག་མར་ཡར་མར་ལ་འབྲེལ་འདྲིས་བྱེད་བཞིན་པའི་སྒང་ལ་ཏག་ཏག་འཕགས་པ་ཐར་དང་འཕྲད་བྱུང་། ཁོས་ང་ལ་གནས་སྐབས་སུ་ཁོ་ཚང་ནས་སྡོད་ཞེས་བཤད་པ་བཞིན་ནུབ་མོ་དེར་ཁོ་ཚོང་དུ་སོང་སྟེ་བསྡད་པ་ཡིན། སྐབས་དེར་སློབ་མཐར་ཕྱིན་མ་ཐག་ཡིན་པས་དམིགས་ཡུལ་ཡང་ཆེན་པོ་མི་འདུག དེ་ནས་ཉིན་འགའ་ཤས་རིང་མཚོ་ནུབ་ཁུལ་གྱི་ལས་ཁུངས་སོ་སོའི་ལས་བསྡུའི་གནས་ཚུལ་ལ་རྒྱུས་ལོན་དང་རྩད་གཅོད་བྱས་ནས་བསྡད་པ་ཡིན། མཐའ་མར་འཕགས་པ་ཐར་གྱིས་ང་ཚོ༼ གངས་རྒྱན་མེ་ཏོག ༽ རྩོམ་སྒྲིག་ཁང་དུའང་ལས་རྐང་གཅིག་འདུག་ཅེས་བཤད་པ་དང་། ངས་དེང་སྐབས་བསམ་བློ་རེ་བཏང་ཚེ་ང་ས་འདིར་ཡོང་སྟེ་ཁོ་དང་འཕྲད་པ་དང་། ཁོས་ང་ལ་སྐད་ཆ་དེ་འདྲ་ཞིག་བཤད་པ་ཚང་མ་ལས་དང་དབང་གིས་འཕྲད་པ་ལྟར་བསམ་ཐོག་ཏུ་དེ་ལྟར་སོང་བ་ཡིན།
སྙན་སྒྲོན་པ།ཀླུ་འབུམ་རྒྱལ་ཁོ་རང་རྩོམ་སྒྲིག་གི་ལས་སུ་ཐོག་མར་ཞུགས་དུས། གོང་རྒན་པ་རྣམས་ཀྱི་ངག་བགོས་ལྟར། ཉིན་མོ་རྩོམ་སྒྲིག་གི་བྱ་བར་སློབ་སྦྱོང་དང་མཚན་མོར༼གངས་རྒྱན་མེ་ཏོག༽གི་དུས་དེབ་སྔ་མ་རྣམས་ལ་ལྟ་ཀློག་བྱས་ཏེ། རྩོམ་གྱི་བརྗོད་དོན་དང་རྩོམ་སྒྲིག་གི་ཁ་ཕྱོགས། དུས་དེབ་ཀྱི་པར་གཞི་བཀོད་སྒྲིག་སོགས་འབྲེལ་ཡོད་རྨང་གཞིའི་ཤེས་བྱ་མང་པོར་སློབ་སྦྱོང་ཡུན་རིང་བོར་བྱས་པ་དང་། རང་ཉིད་བོད་སྐད་ཡིག་ཆེད་ལས་སྦྱངས་བའི་སློབ་མ་ཞིག་ལ་མཚོན་ན་ཐོག་མའི་བསམ་འདུན་ལྟར་སྐད་ཡིག་དགེ་རྒན་ཞིག་བྱེད་མ་ཐུབ་ཀྱང་། བོད་སྐད་ཡིག་གི་ངོས་ཐད་ནས་མི་རིགས་རིག་གནས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཞིག་རེག་ཐུབ་སོང་བས་དགའ་བ་ཆེན་པོ་སྐྱེས་ཤིང་། མ་འོངས་ལམ་ཁ་ཅི་འདྲིའི་དཔོག་དཀའ་ན་ཡང་དཀའ་སྡུག་ལ་མགོ་བོ་མི་སྒུར་བའི་བློ་སྤོབས་ཆེན་པོས་རང་སེམས་གྲུ་གུ་ལོག་རིལ་ལ་དམ་བཅས་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་རེ་བ་ནན་མོ་བཏོན་ནས་རྩོམ་སྒྲིག་གི་ལས་ཀར་ཧུར་ཐག་དང་རྣམ་དག་གིས་འཇུག་པ་དང་། ནང་སྒོས་སུ་རྩོམ་སྒྲིག་ཁང་ལ་འབྱོར་བའི་རྩོམ་ཡིག་རེ་རེ་ལ་ཕྱོགས་ལྷུང་གི་ལྟ་བ་ཅི་ཡང་མེད་པར་དྲང་བདེན་དང་དྲང་བཞག་གི་རྩ་དོན་གཞིར་བཟུང་ནས། བདམས་ཐོན་བྱུང་བའི་རྩོམ་ཡིག་ཞིབ་ཀློག་དང་ཞུ་དག་ཡང་ཡང་བྱས་མཐར། རིམ་བཞིན་དུ་རྩོམ་སྒྲིག་པ་ནས་གཙོ་སྒྲིག་གཞོན་པ་དང་། དེ་ནས་གཙོ་སྒྲིག་པའི་བར་དུ་ཞིབ་ཚགས་ཀྱི་བྱ་བའི་ལས་རིམ་སྟེ། རིམ་པ་གསུམ་ལྡན་གྱི་དཔྱད་འཇོག་གོ་རིམ་རྒྱུན་འཁྱོངས་ཀྱི་རྩོམ་སྒྲིག་གི་གོ་རིམ་འཁྲུལ་མེད་མ་ལུས་པར་བརྒྱུད་པ་དང་ལྷན། རྩོམ་སྒྲིག་གི་ནུས་པ་དང་ཤེས་བྱའི་བྱང་ཚད་མཐོར་འདེགས་སུ་གཏོང་ཆེད། དུས་རྟག་ཏུ་སྐོམ་པ་ཆུ་འདོད་ལྟར་རིག་གནས་ཤེས་བྱ་སྣ་ཚོགས་ལ་ཧུར་བརྩོན་གྱིས་སློབ་སྦྱོང་ལེགས་པོ་བྱས་ནས། མུ་མཐུད་དུ་རྩོམ་སྒྲིག་པ་རང་ཉིད་ཀྱི་ཚན་རིག་ཤེས་བྱ་དང་རིག་གནས་ཤེས་བྱ། ལྷག་པར་དེང་རབས་ཀྱི་རྩོམ་རིག་ཤེས་བྱ་དང་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རྩོམ་རིག་ཉིང་བཅུད་རྣམས་བསྡུ་ལེན་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་རང་ཉིད་ཀྱི་ཤེས་བྱའི་བྱང་ཚད་མཐོར་འདེགས་དང་། དུས་རྒྱུན་དུ་དུས་དེབ་ལ་རང་གི་སྲོག་བཞིན་དུ་གཅེས་ཤིང་དེའི་རྒྱུ་སྤུས་ལེགས་བསྒྱུར་བྱ་བ་ནི་བྱ་བའི་ཁྲོད་ཆེས་གཙིགས་ཆེན་དུ་འཛིན་པ་དང་། ནམ་ཡང་དུས་དེབ་ཀྱི་རྣམ་པ་དང་ངོ་བོ། ཁྱད་ཆོས་བཅས་གསར་བ་གསར་རྐྱང་གི་ཕྱོགས་སུ་བརྩོན་ལེན་དང་། བོད་ཀྱི་རྩོམ་རིག་ལས་དོན་ཀྱི་ཐད་རང་གི་བྱེད་ནུས་ཡོད་ཚད་འདོན་པའི་སེམས་ཤུགས་བརྟན་པོ་ཞིག་བཅངས་ཡོད། ཀླུ་འབུམ་རྒྱལ་གྱིས་ཕྱིར་དྲན་བྱེད་ཞོར་དུ་བཤད་རྒྱུར།
༼ བཅར་འདྲིའི་སྐད་ཆ། ༽
ཀླུ་འབུམ་རྒྱལ། ང་རང་བྱ་བར་ཞུགས་པའི་ཐོག་མའི་ལོ་ཞིག་ལ། ༼ གངས་རྒྱན་མེ་ཏོག ༽ དེབ་གསུམ་པ་ཡིན་ནམ་བཞི་བ་ཡིན། གང་ལྟར་ལོ་སར་ཐོན་ལ་ཉེ་དུས་ཤིག་ཡིན། རྒྱུན་ལྡན་ངས་དུས་དེབ་གཅིག་རེ་གློག་ཀླད་ནང་དུ་གཏགས་ན་ཉིན་བཅུ་ཡས་མས་དགོས། གཏགས་ཚར་རྗེས་གསལ་ཆ་མེད་པར་གློག་ཀླད་དུ་གསོག་འཇོག་བྱེད་མ་ཤེས་པར་བོར་སྟོར་བྱུང་བ་རེད། དེ་དུས་གཅིག་ཏུ་ལོ་སར་ལ་ཉེ་བའི་སྐབས་སུ་ཁེལ་བ་དང་། གཉིས་སུ་ལས་གྲོགས་གཞན་རྣམས་རང་རང་གི་ཡུལ་དུ་ཕྱིན་པས་ང་གཅིག་པུ་ཡུལ་ལ་ལོག་མ་ཐུབ་པར་བསྐྱར་དུ་གཏགས་དགོས་བྱུང་བ་རེད། ནངས་མོ་ཆུ་ཚོད་བཞི་ནས་ལྔ་ཡས་མས་སུ་གོ་རེ་ཅུང་ཙམ་རེ་ཁྱེར་ནས་གཞུང་སྒྲུབ་ཁང་དུ་ཡོང་སྟེ། དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་གྱི་བར་དུ་ཉིན་གང་བོར་ཆུ་ཧུབ་གང་དང་གོ་རེ་ཁམ་གང་མ་ཟོས་པའི་སྐབས་ཀྱང་ཡོད། དེ་ལྟར་མ་བྱས་ན་གཅིག་ནས་བྱ་བའི་ཉམས་མྱོངས་མེད་པ་དང་གཉིས་ནས་དུས་ཚོད་མང་པོ་མི་འདུག་པས་མི་བྱེད་ཐབས་མེད་རེད། དེ་ལྟར་ལེགས་འགྲུབ་བྱུང་དུ་བཅུག་སྟེ་དཔར་ཁང་ལ་བསྐྱལ་རྗེས་ང་རང་ཕ་ཡུལ་དུ་ལོག་པ་ཡིན། དེ་ནས་བཟུང་ངས་རྩོམ་སྒྲིག་བྱེད་དུས་སྔོན་ཆད་དང་འདྲ་བོ་མི་འདུག ཡི་གེ་གཏགས་པ་མགྱོགས་ཤིང་པར་གཞི་འདེམས་སྒྲིག་སོགས་ལའང་བྱང་ཆ་ཆེན་པོ་ལྡན་པ་འདུག འདི་དག་ཚང་མ་ནི་མི་སུ་ཡིན་ཡང་བྱ་བའི་དཀའ་ཁག་འདྲ་མིན་མང་པོ་མ་བརྒྱུད་པར་ཐད་ཀར་མང་པོ་ཞིག་ཤེས་འདོད་པ་དང་བསྒྲུབ་འདོད་པ་ནི་ཧ་ཅང་དཀའ་མོ་ཡིན་པའི་སྤྱི་སྡོམ་ལྟ་བུ་རེད། ད་རུང་ཐེངས་ཤིག་ལ། ངས་ད་ལྟ་ད་དུང་ཡང་བརྗེད་མི་འདུག ང་ཚོ་དུས་དེབ་མངག་ཉོ་བྱེད་དུ་རྒྱུན་པར་ལོ་རེ་རེའི་ལོ་སྟོད་དམ། ཡང་ན་ལོ་མ་སར་སྔོན་གྱི་དགུན་ཁར་འགྲོ་བ་ཡིན། དེ་དུས་ཀྱང་དགུན་ཁ་ཞིག་ཡིན། ང་མཚོ་ལྷོ་ཁུལ་ཐོག་ནས་ཀོས་ནན་རྫོང་དུ་འགྲོ་དགོས་པར་སྤྱི་སྤྱོད་རླངས་འཁོར་མི་འདུག རླངས་འཁོར་ས་ཚིགས་སུ་ཡུན་རིང་བོར་སྒུག་ཀྱང་ལྗིད་འཁོར(卡车)ཞིག་མ་གཏོགས་འགྲོ་མཁན་མ་བྱུང་། དེར་བསྡད་ནས་སོང་བས་ལམ་གྱི་རིང་ཐུང་དུ་ཙག་གིས་གྲང་སྟེ། ཐོད་པ་ནས་ན་ཟུག་སྐྱེ་གི་འདུག ལྭ་བས་མགོ་དཀྲི་རྒྱུའང་ཡིད་ལ་མ་ཤར་བར་དེ་ལྟར་ཙག་རླུང་ལ་གདོང་གཏད་ནས་སོང་བ་ཡིན། དེ་ལ་སོགས་པའི་གཏམ་རྒྱུད་རེ་རེ་ད་སྐབས་ངས་ཡིད་ལ་དྲན་ན་དགོད་བྲོ་ཞིག་ཀྱང་རེད་དེ། རྗེས་ཕྱོགས་ངའི་མི་ཚེའི་བཤུལ་ལམ་གྱི་ཁྲོད་ནས་དེ་ལ་སོགས་པས་ཀྱང་ང་རང་གི་གཤིས་ཀ ཡང་ན་བྱ་བའི་ཕུགས་བསམ་དང་སེམས་འདུན། བརྩོན་སེམས་ཀྱི་ཐད་ནས་ནུས་པ་ཆེན་པོ་ཐོན་ཡོད་པ་ཤེས་སྲིད་རྒྱུ་རེད་སྙམ། དེ་ཡང་ངའི་མི་ཚེའི་བྱ་བཞག་ཁྲོད་ཀྱི་བརྒྱུད་རིམ་གཅིག་རེད། ད་རུང་བརྒྱུད་རིམ་གཞན་ཞིག་ཡོད་པ་ནི། ༼ གངས་རྒྱན་མེ་ཏོག ༽ རྩོམ་སྒྲིག་ཁང་གི་སྒྲིག་ལམ་ལྟར་དུ། གལ་ཏེ་ང་ས་ཆ་སོ་སོར་སོང་ནས་དཔེ་ཆ་མངག་ཉོ་བྱས་ཏེ་་་་་་་་་་་
སྙན་སྒྲོན་པ།ལོ་ངོ་སུམ་ཅུར་ཉེ་བའི་རྩོམ་སྒྲིག་གི་ལས་དོན་ལ་ཕྱིར་འདང་རེ་བྱས་ཚེ། ཀླུ་འབུམ་རྒྱལ་གྱི་མི་ལོ་ཉི་ཤུ་ལྷག་གི་འདས་པའི་ལོ་ཟླ་ནི་ཧུར་ཐག་དང་ནན་ཏན། དྲང་བདེན་ཞེས་པའི་ཡིག་འབྲུ་འདི་དྲུག་པོ་ལས་མ་འདས་ཤིང་། ཁོས་རྣམ་ཀུན་ཡིག་འབྲུ་འདི་དྲུག་པོའི་བསྟན་དོན་དེ་རང་ཉིད་ཀྱི་རྩ་དོན་དུ་བརྩིས་ནས། ནན་ནན་ཏིག་ཏིག་གིས་རྩོམ་སྒྲིག་བྱ་བའི་ལས་རྐང་དུ་མི་ལོ་སུམ་ཅུར་ཉེ་བའི་གཏམ་རྒྱུད་ཅིག་གི་མགོ་རྐང་འགྲུབ་པར་བྱས་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། དེ་ནི་བྲང་རུས་པའི་གསེང་དུ་རྐང་མེད་ཀྱང་རྩིབ་མའི་གུར་ཁང་མེ་ལ་བཞུས་པའི་གཏམ་རྒྱུད་གསོན་པོ་ཞིག་རེད།
༼ བཅར་འདྲིའི་སྐད་ཆ། ༽
ཀླུ་འབུམ་རྒྱལ།ང་རང་ཉིད་ལ་མཚོན་ན༼ གངས་རྒྱན་མེ་ཏོག ༽ གི་དུས་དེབ་རྩོམ་སྒྲིག་བྱ་རྒྱུ་འདི་ལྟ་བུ་རང་གི་བྱ་བར་གྱུར་བ་དང་། ༼ གངས་རྒྱན་མེ་ཏོག ༽ དུས་དེབ་བརྒྱུད་རྒྱ་ཆེའི་རྩོམ་པ་པོ་མང་པོའི་སེམས་སུ་རྩོམ་རིག་གི་རྒྱགས་ཕྱེ་འབུལ་ཐུབ་པ་བྱུང་བ་ཡང་ང་རང་ལ་མཚོན་ན་བླ་མེད་ཀྱི་གྲུབ་འབྲས་ཤིག་ཏུ་བསམ་ཡོད་ལ། ད་ལྟའི་བར་དུ༼ གངས་རྒྱན་མེ་ཏོག ༽སྤྱིའི་སྡོམ་གྲངས་བརྒྱ་ལྷག་ལ་བུད་འདུག དེའི་ནང་ང་རང་གིས་ལག་བསྟར་རྩོམ་སྒྲིག་བྱས་པའི་དེབ་ཁོ་ན་བརྩིས་ན་ཕལ་ཆེར་བདུན་ཅུ་ནས་བརྒྱད་ཅུ་ཟིན་ཙམ་ཡོད་ཅིང་། དེ་རེ་རེའང་ང་རང་གི་མི་ཚེའི་རྐང་རྗེས་རེ་རེ་དང་བྱ་བའི་གྲུབ་འབྲས་རེ་རེར་བརྩིས་ཀྱང་མི་ཆོག་པ་མེད་སྙམ། དེ་མིན་ད་དུང་མུ་མཐུད་དུ་རྩོམ་སྒྲིག་གི་བྱ་བ་འདིའི་སྟེང་དུ་སེམས་ཤུགས་བཀོལ་ནས་རང་ནུས་ཅི་ཡོད་འདོན་སྤྲོད་བྱ་རྒྱུའི་སེམས་འདུན་ཡོད།
སྙན་སྒྲོན་པ།ང་ཚོས་ཀླུ་འབུམ་རྒྱལ་དང་ཁ་བརྡ་བྱེད་དུས་ཁོས་ཡང་དང་བསྐྱར་དུ་ང་ལ་མང་པོ་ཞིག་བཤད་རྒྱུ་ཡོད་པ་མ་རེད། ཅུང་ཙམ་རེ་ཡོད་པའང་བཤད་རིན་མི་འདུག དེ་མ་གཞི་ནས་རྩོམ་སྒྲིག་པ་ཞིག་གིས་བསྒྲུབ་འོས་པ་ཞིག་རེད། ཡང་གཅིག་བཤད་ན་ངས་ཁྱེད་ཚོར་བཤད་པའི་གཏམ་རྒྱུད་འདི་དག་ཀྱང་ང་ཚོ་རྩོམ་སྒྲིག་པ་ཡོངས་བརྒྱུད་མྱོངས་བ་ཞིག་རེད་ཅེས་པའི་ཧ་ཅང་ཁེངས་སྐྱུང་གི་སྐད་ཆ་དེ་དག་གིས་ང་ཚོར་དེ་ལས་ཀྱང་སེམས་འགུལ་ཐེབས་སུ་བཅུག་བྱུང་ལ། ཁོ་དང་ཁོ་ལྟ་བུའི་མི་བུ་ནུས་པ་ཅན་དག་གི་ཀུན་སློང་དང་བྱས་འབྲས་ལ་ང་ཚོས་ནམ་ཡང་དང་དོད་ཚ་བོ་དང་ངོས་འཛིན་ཟབ་མོ། ཁེས་ལེན་གང་ལེགས་བྱ་དགོས་པའི་སེམས་འདུན་དྲག་པོ་ཞིག་གིས་ཀུན་ནས་བསླངས་འོངས།
གཟབ་ནན་གྱིས་ལས་ཀར་འཇུག་སྟངས།
བརྩོན་པའི་དན་རྟགས།
༼ གངས་རྒྱན་མེ་ཏོག ༽ གི་མཚར་སྡུག
གསར་འགོད་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།