སྤེལ་དུས།2018.11.07 ཡོང་ཁུངས།
5
0


སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་བསྒྲུབས་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སློབ་ཆེན་པ་ཞིག་གི་ལས་རིགས་གསར་གཏོད་ཀྱི་བཤུལ་ལམ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། རྒྱལ་མཚན་བཟང་བོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་མི་ཡིན་ཞིང་། ཁོ་རང་ལ་ཆུང་དུས་ནས་ལྷན་སྐྱེས་ཀྱི་རིག་པ་ཡག་པོ་ཞིག་ཡོད་པས་རིམ་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚགས་མེད་དུ་འགྲིམས་ཐུབ་རྒྱུའི་སྐལ་བ་བྱུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལ་མཚོན་ན་ཆོས་ལུགས་དང་རིག་གནས་ལོ་རྒྱུས། དམངས་སྲོལ་སོགས་ཀྱི་རྔམ་ཤིན་ཏུ་མཐུག་པར་མ་ཟད།  ཚྭ་དང་སྨན་རྩྭ་སོགས་ས་གནས་ཀྱི་ཁྱད་སྟོབས་ཐོན་ཁུངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་ལྟ་བུར་གྱུར་ཡོད་པ་རེད།  དེ་དག་གིས་རྒྱལ་མཚན་བཟང་བོའི་སེམས་སུ་ཆུང་དུས་ནས་བཟུང་བག་ཆགས་མཐུག་པོ་ཞིག་བཞག་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། རྒྱལ་མཚན་བཟང་བོར་མཚོན་ན་ཐོག་མ་ནས་སེམས་འདུན་ཉག་གཅིག་ཡོད་པ་ནི་སློབ་མཐར་ཕྱིན་རྗེས་སུ་ཕྱིར་རང་གི་ཕ་ཡུལ་ཏུ་ལོག་ནས། ཕ་ཡུལ་གྱི་རི་ཆུས་བསྐྱེད་པའི་རིག་གནས་དང་ཐོན་རྫས་དེ་དག་ལ་དུས་རབས་གསར་བའི་བསམ་བློ་དང་ལག་རྩལ་གྱིས་ཟུར་བརྒྱན་ནས། ཕྱི་ཕྱོགས་སུ་ངོམ་སོ་དང་དྲིལ་སྒྲོག་བྱེད་པའི་ཚོང་ལས་ཀྱི་ལམ་ཁ་ཞིག་བསྙེག་འདོད་ཀྱི་འདུན་པ་དྲག་པོས་ཀུན་ནས་བརྟས་ཡོད་པ་དེ་རེད། དེ་བས་ཁོ་རང་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་རྗེས་ཐོག་མར་ཚོང་ལས་ཀྱི་ལམ་ཁ་དེ་ལ་གོམ་པ་ཇི་ལྟར་སྤོས་པའི་སྐོར་ནས་ཁོས་བཤད་རྒྱུར།

རྒྱལ་མཚན་བཟང་བོ། ཚོང་ལས་ཀྱི་ལམ་ཁ་འདི་ལ་ཇི་ལྟར་ཞུགས་པ་ཡིན་ཟེར་ན། ང་ལ་གྲོགས་པོ་པདྨ་ཟེར་བ་ཞིག་ཡོད་དེ་ཁོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་ནས་སློབ་མཐར་ཕྱིན་པ་དང་། ངེད་གཉིས་ཀྱི་ཕ་ཡུལ་ནང་ཆེན་རྫོང་ནས་ཡིན། ནང་ཆེན་རྫོང་ལ་མཚོན་ན་ལོ་རྒྱུས་རིང་ཞིང་ང་ཚོ་ཡུལ་ཤུལ་ས་ཆའི་རིག་གནས་ཀྱི་ལྟེ་བ་ལྟ་བུ་ཡིན། མ་འོངས་པ་ན་ནང་ཆེན་རྫོང་དུ་འབྲོག་པའི་འཚོ་བ་དང་འབྲོག་པའི་ཐོན་རྫས་བཅས་ཀྱི་ཐད་ནས་བསྒྲུབ་དགོས་པའི་བྱ་བ་མང་པོ་ཞིག་ཡོད་པ་དང་། དེ་ནས་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས་རང་ཉིད་ཞུགས་སའི་ལམ་ཁ་མང་པོ་ཞིག་ཡོད་པ། དེ་མིན་ཕ་མ་དང་བུ་ཕྲུག་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཞིག་བཟོས་ན་ལེགས་པར་སེམས་ནས་ད་གཟོད་ངེད་གཉིས་ཀྱིས་ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་པ་འདི་བཙུགས་པ་ཡིན།

གསར་འགོད་པ། རེད། དེ་ཡིན་ན་ཁྱོད་སློབ་གྲྭ་ཆེན་མོ་བ་ཞིག་རེད། ལྷག་པར་དུ་ཁྱོད་མཚོན་ན་ཞིབ་འཇུག་སློབ་མ་ཞིག་ཀྱང་རེད། དེ་ཡིན་ན་ཁྱོད་ཀྱིས་སྐབས་དེར་རྒྱལ་ཁབ་ཀྱི་བྱ་བའི་ལས་རྐང་དེ་བསྐྱུར་ནས་འདི་ལྟ་བུའི་ཚོང་ལས་ཀྱི་ལམ་ཁ་ཞིག་བདམས་པར་ཁྱོད་ཀྱི་ཕ་མ་དང་ཤ་ཉེ་འབྲེལ་ཀུན་གྱིས་ལྟ་སྟངས་ཅི་འདྲ་ཞིག་འཛིན་གི

རྒྱལ་མཚན་བཟང་བོ།  དེ་ཕ་མས་བློ་འབབ་ལེ་མ་རེད། ཡིན་ནའང་ང་རང་ཉིད་ལ་མཚོན་ན་སློབ་མཐར་ཕྱིན་རྗེས་སུ་ཧི་ནན་དང་ཧྲིན་ཀྲིན། དེ་མིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སྡེ་ཁག་སོགས་སུ་སོང་ནས་ལོ་གསུམ་གྱི་རིང་དུ་རིག་གནས་དང་ལག་རྩལ་སྐོར་ལ་སློབ་སྦྱོང་བྱས་པ་དང་། ང་རང་ཉིད་ལ་མ་འོངས་པ་ན་ཚོང་ལས་ཤིག་གཉེར་རྒྱུའི་བསམ་བློ་དང་འདུན་པ་ཆེན་པོ་ཡོད། ཡིན་ཡང་ཕ་མ་དང་རང་གི་ཤ་ཉེ་རྣམས་ཀྱིས་ངའི་གདམ་ག་དེ་བློ་ལ་འབབ་ལེ་མ་རེད། སྐབས་དེར་ཁོ་ཚོས་ང་ལ་ཁྱོད་ཀྱིས་ཁེ་ལས་བསྒྲུབ་རྒྱུ་ཡིན་ན་དེ་སྔ་མོ་ནས་སྒྲུབ་ཆོག་པ་ཞིག་རེད། ཁྱོད་རང་ལོ་ངོ་ཉི་ཤུར་སློབ་གྲྭར་སོང་ནས་ད་ལྟ་ཁེ་ལས་བསྒྲུབ་ནས་ཅི་ཞིག་བྱ་ཞེས་བཤད་ཀྱང་། ཡིན་ནའང་ངས་སྐབས་དེར་ཁོ་ཚོའི་ཁ་ལ་མ་ཉན་པར་ཁེ་ལས་འདི་ལྟ་བུ་ཞིག་བསྒྲུབས་པ་ཡིན།

སྙན་སྒྲོན་པ།སྐབས་དེར་རྒྱལ་མཚན་བཟང་བོས་དེ་ལྟར་སྔ་མོ་ནས་རང་གི་སེམས་སུ་བག་ལ་ཉལ་བའི་ཕུགས་འདུན་དེ་མངོན་འགྱུར་བྱེད་ཆེད། ཕ་མ་དང་ནང་མི་རྣམས་ཀྱིས་ཇི་ལྟར་བྱོལ་ཡང་ཁ་ལ་མ་ཉན་པར་ཁེ་ལས་ཀྱི་ལམ་ཁ་དེ་འདྲ་ཞིག་འདེམས་པར་སེམས་ཐག་བཅད། ཡིན་ནའང་ཁེ་ལས་ཤིག་བསྒྲུབ་དགོས་ན་ཅིས་ཀྱང་དཔལ་འབྱོར་གྱི་མ་རྩ་ངེས་ཅན་ཞིག་དགོས་པ་ནི་ཆོས་ཉིད་དུ་གྲུབ་པས་ཁོས་གནད་དོན་དེ་ཇི་ལྟར་ཐག་གིས་བཅད་པ་ཡིན་ནམ།

རྒྱལ་མཚན་བཟང་བོ། ཁེ་ལས་དེ་སྒྲུབ་པའི་སྐབས་སུ་ངེད་གཉིས་སློབ་མཐར་ཕྱིན་རུང་ཡིན་པས་ཁེ་ལས་སྒྲུབ་པའི་ཉམས་མྱོང་མེད་པ་དང་མ་རྩ་སོགས་ག་ས་གང་གི་ཐད་ནས་དཀའ་ལས་མང་པོར་འཕྲད་སོང་། ཁེ་ལས་ཤིག་ཡིན་ན་དེར་ངེས་པར་དུ་དེའི་སྐོར་གྱི་ཐོན་རྫས་དགོས་པ་དང་། ཐོན་རྫས་དེ་ཚོང་རའི་ནང་དུ་འགྲོ་མ་ཐུབ་ཚེ་ང་ཚོའི་ཕུགས་བསམ་མང་པོ་ཞིག་འགྲུབ་ཐུབ་ལེ་མ་རེད། དེ་བས་སྐབས་དེར་སྒོ་བྱང་ལས་རྒྱུའི་སྐོར་ནས་ང་ཚོའི་ས་གནས་དེ་རུ་ཚོང་ར་ཆེན་པོ་ཞིག་ཡོད་པ་རེད། རྒྱུ་མཚན་ནི་སྐབས་དེར་ཡུལ་ཤུལ་ས་ཁུལ་དུ་ཟ་ཁང་དང་མགྲོན་ཁང་མང་པོ་ཞིག་ཡང་བསྐྱར་འཛུགས་སྐྲུན་བྱེད་བཞིན་པའི་སྐབས་ཡིན་པས་དེ་ཚང་མར་སྒོ་བྱང་དགོ་ནི་རེད། དེ་མིན་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་དཀར་ཡོལ་སོགས་བཟོས་ནས་སྒོར་མོ་ཁྲི་ཉི་ཤུ་སུམ་ཅུ་ཞིག་བཙལ་བ་དང་དེ་ལ་བརྟེན་ནས་ད་གཟོད་ཚོང་ལས་འདི་གཉེར་བའི་མགོ་བརྩམས་པ་ཡིན།

སྙན་སྒྲོན་པ།ནང་ཆེན་རྫོང་དུ་རང་སའི་ཐོན་ཁུངས་ཀྱི་ཁྱད་སྟོབས་བེད་སྤྱད་དེ་ལས་སྣོན་བྱས་པའི་ཐོན་རྫས་རིགས་མང་པོ་ཞིག་ཡོད་པ་དང་། དེ་དག་གཞི་གཅིག་ཏུ་བསྡུས་ནས་ནང་ཆེན་རྫོང་གི་ལག་ཤེས་ཐོན་རྫས་སྣ་ཚོགས་ཕྱིར་འཚོང་དང་འགྲེམ་སྤེལ་བྱེད་པའི་སྟེགས་བུ་ལེགས་པོ་ཞིག་མེད་པར་དམིགས་ནས། སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོར་ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དེ་ཡུལ་ཤུལ་ཁུལ་ཐོག་ནས་ཆེད་དུ་ནང་ཆེན་རྫོང་དུ་གནས་སྤར་ནས་ས་དེའི་ལག་ཤེས་བཟོ་ལས་སྐོར་གྱི་ཁེ་ལས་ཆེ་ཆུང་མང་པོས་ཐོན་སྐྱེད་བྱས་པའི་ཐོན་རྫས་སྣ་ཚོགས་ཤིག་བསྡུ་ལེན་དང་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་སྐོར་ལ་རིགས་སྣ་ཚོགས་ཤིག་ཡོད་དེ། ང་ཚོ་ཀུང་ཟི་དེར་ཐོན་དུས་རྒྱལ་མཚན་བཟང་བོས་འདི་ལྟར་རེ་རེ་བཞིན་ངོ་སྤྲོད་བྱས་བྱུང་།

རྒྱལ་མཚན་བཟང་བོ། ཉིས་སྟོང་བཅུ་བཞི་ལོར་ང་ཚོའི་ཀུང་ཟི་འདི་ནང་ཆེན་དུ་སྤར་བ་ཡིན། འདི་ཡིན་ན་རང་གི་ས་གནས་ཀྱི་ཚྭ་ཡིས་ཐོན་སྐྱེད་བྱས་པསི་ཐོན་རྫས་སྐོར་ཞིག་རེད། ནང་ཆེན་རྫོང་གི་ཚྭ་འདི་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པ་རེད། འདི་ནི་ཚྭ་སྨན་དུ་སྡེབ་པའི་སྨན་རྫས་ཤིག་ཡིན། འདི་དག་ནི་ཚ་ཡིས་བཟོས་པའི་དངོས་པོ་སྐོར་ཞིག་རེད།  འདི་ནི་རང་སའི་ནས་ནག་གི་རྩམ་པ་རེད། འདི་ནི་བུད་མེད་ཀྱི་ལག་ཤེས་བཟོ་རྩལ་ལས་ཐོན་པའི་རྒྱབ་ཁུག་དང་ཁ་པར་འཇོག་ས་རེད། འདི་ནི་ནང་ཆེན་གྱི་གཏེར་ཆུ་རེད། འདི་ནི་རང་གི་ས་གནས་ཀྱི་མིས་ཐོན་སྐྱེད་བྱས་པའི་སྐ་རགས་དང་སྐེ་དཀྲིས་སོགས་རེད།

སྙན་སྒྲོན་པ།ད་ལྟ་ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་དང་ཁེ་ལས་གཞན་དག་ནས་ནང་འདྲེན་བྱས་པའི་ནང་ཆེན་རྫོང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དེ་དག་ཕྱིར་འཚོང་དང་འགྲེམ་སྤེལ་བྱེད་པར་ཡུལ་ཤུལ་ཁུལ་དང་དཔལ་ཐང་གནམ་གྲུ་ཐང་། ཟི་ལིང་བཅས་སུ་ཆེད་འཚོང་ཡན་ལག་ཁང་ཕྱེས་ཡོད་པར་མ་ཟད། ནང་ལོགས་ས་ཁུལ་སྐོར་ཞིག་ཏུ་ཡང་དྲིལ་སྒྲོག་དང་འགྲེམ་སྤེལ་བྱེད་བཞིན་ཡོད་དེ།

རྒྱལ་མཚན་བཟང་བོ། དེ་ཡིན་ན་སྔོན་ཆད་པེ་ཅིན་དང་ཀོང་ཀྲིག  ཧྲིན་ཀྲིན་བཅས་སུ་འགྲེམ་སྟོན་བྱས་པར་མ་ཟད། སྲིད་གཞུང་གིས་ཀྱང་འདི་ལ་རྒྱབ་སྐྱོར་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འདི་རིགས་ཕྱི་ལ་དྲིལ་སྒྲོག་བྱས་ནས་ཚོང་ལམ་བཟོ་བཞིན་ཡོད་པ་དང་།  དེ་ཡང་གཙོ་ཆེ་བ་ནི་རང་གིས་དྲྭ་ཐོག་ནས་དྲིལ་སྒྲོག་བྱས་ཏེ་ཚོང་ལམ་འཚོལ་རྒྱུ་དེ་རེད།

སྙན་སྒྲོན་པ། ལོ་ངོ་འདི་དག་གི་རིང་ལ་ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་གཞི་ཁྱོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཡོང་སྒོའི་ཐད་ནས་ཀྱང་སྔོན་དང་བསྡུར་ན་དགའ་འོས་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་སྟེ། དེའི་ཐད་ནས་སྤྱི་གཉེར་ཁང་དེའི་ནོར་སྲིད་སོགས་ཀྱི་འགན་འཛིན་པ་གཙོ་བོ་ཤེས་རབ་བསྟན་འཛིན་གྱིས་དགའ་སྤྲོ་དང་བཅས་ཏེ་བཤད་རྒྱུར།

ཤེས་རབ་བསྟན་འཛིན། དེ་ཡིན་ན་ལོ་ངོ་འདི་དག་གི་རིང་ལ་ངེད་སྤྱི་གཉེར་ཁང་འདིའི་བྱ་བ་ཚང་མ་ལམ་ལྷོང་ཡག་པོ་བྱུང་ཡོད་པ་རེད། འདིའི་གཞི་ཁྱོན་ཡང་སྔར་ལས་རྒྱ་བསྐྱེད་ཡོད་དེ། ཟི་ལིང་སོགས་སུ་ཡན་ལག་ཁང་ཕྱེས་ཡོད་པར་མ་ཟད་ནང་དུ་ཅ་ལག་ཀྱང་མང་པོ་ཡོད། ད་ལྟ་སྤྱི་གཉེར་ཁང་འདི་ལ་གཏན་འཇགས་ཀྱི་མ་དངུལ་ཡང་སྒོར་མོ་ཁྲི་ཉིས་བརྒྱ་ཙམ་ཡོད་རྒྱུ་རེད།

སྙན་སྒྲོན་པ།ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སློབ་ཆེན་པ་ཞིག་གི་ལས་རིགས་གསར་གཏོད་ཀྱི་བཤུལ་ལམ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

  རྒྱལ་མཚན་བཟང་བོས་ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཐོག་མར་འཛུགས་སྐབས་ཀྱི་གནས་ཚུལ་སྐོར་གླེང་བཞིན་པ། 

ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ད་ལྟའི་འགན་འཛིན་པ་གཙོ་བོ་ཤེས་རབ་བསྟན་འཛིན་གྱིས་སྤྱི་གཉེར་ཁང་དེའི་ད་ལྟའི་འཕེལ་རྒྱས་སྐོར་གླེང་བཞིན་པ། 

ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་བཤམས་པའི་ནང་ཆེན་རྫོང་གི་ཐོན་རྫས་སྐོར་ཞིག


ཟླ་ཆུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་བཤམས་པའི་ནང་ཆེན་རྫོང་གི་ཐོན་རྫས་སྐོར་ཞིག

གསར་འགོད་པ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ།རྣ་བྷ།























གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།