སྙན་སྒྲོན་པ། ཉན་མཁན་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ། དེས་ན་ཐེངས་འདིའི༼བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན༽ཞེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྟ་མགྲིན་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡི་ལ“ར་རྫི་བསྟན་པ་དང་ཤིང་བཟོ་བསྟན་པ”ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་དུས་ལྟར་གསན་པར་དགའ་བསུ་ཞུ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཞང་འགྲམ་ནག་སྡེ་བར་མིང་ལ་བསྟན་པ་ཟེར་བའི་གསར་བུ་དཀྱུས་མ་ཞིག་ཡོད། ཁོའི་དཀྱུས་མ་མ་ཡིན་པའི་མི་ཚེའི་གཏམ་རྒྱུད་གསོན་པོས་ས་དེའི་མང་ཚོགས་ཀུན་གྱི་སེམས་སུ་བསུབས་ཏུ་མེད་བག་ཆགས་ཟབ་མོ་ཤིག་བཞག་ཡོད།
གསར་འགོད་པ་ཨ་རིག་ཞང་དུ་ཐོན་དུས་ཞང་དང་སྡེ་བའི་ལས་བྱེད་ཚོའི་ངག་ནས་བསྟན་པ་ཟེར་བའི་མིང་དེ་ཐོག་མར་ཐོས་ཤིང་། ཁོ་ཚོའི་རྒྱུས་ཡོད་མེད་ཀྱི་འཚམས་སྦྱོར་དེ་ལས་བསྟན་པ་ནི་མི་གཉོམ་ཆུང་ནང་གི་ངོ་ཆུང་ཞིག་ཡིན་པ་ཤེས་ཐུབ། ཁོ་ནི1985ལོར་ཨ་རིག་ཞང་འགྲམ་ནག་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཤིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་ལྡན་པར་ཕ་རིང་བུ་ལ་བརྒྱུད་པའི་ཕྱུགས་ཟོག་འཚོ་སྐྱོང་གི་ལས་སུ་མི་འབད་ཐབས་མེད་བྱུང་། བསྟན་པ་ཡིས་བཤད་རྒྱུར།
༼བཅར་འདྲིའི་སྒྲ།༽
ང་རང་ཆུང་དུས་ངེད་ཚང་གི་འཚོ་རྟེན་གཙོ་བོ་ཕྱུགས་ལས་རེད། ཡིན་ནའང། ཁྱིམ་མི་གང་བོའི་ཁྲོད་ཕ་རྒན་ལ་བརྒྱ་ཆའི་བདུན་ཅུ་ཡི་ས་སྐལ་དང་ཟོག་སྐལ་གཉིས་ཀ་ཡོད་ཀྱང་། ཨ་མ་དང་སྲིང་མོ། ངེད་གསུམ་པོར་བརྒྱ་ཆའི་སུམ་ཅུ་མ་གཏོགས་མེད་པས་རྩྭ་ས་ཆུང་ཞིང་ཟོག་ཀྱང་མང་པོ་མེད། དེ་དུས་ང་རང་ལོ་ན་བཅུ་ཡས་མས་ཡིན། གཞན་གྱི་ཕྱུགས་ཟོག་འཚོས་ནས་ཡོང་སྒོ་རེ་རག་ཨེ་ཐུབ་བལྟས་པ་ཡིན་མོད། ལོ་གཅིག་ལ་རང་ཁྱིམ་ཚང་གི་འཚོ་ཚིས་མ་སྟོང་བ་ཙམ་ལས་ཡོངས་འབབ་ཅི་ཡང་མི་འདུག དེ་ལྟར་ང་རང་ལོ་བཅུ་བཞིར་བུད་ཅིང་། འཚོ་བ་སྔར་བཞིན་ཐབས་ཆགས་ཡིན། དེ་དུས་སྡེ་བའི་ཁྱིམ་ཚང་མང་ཤོས་ཀྱིས་ར་མར་བདག་བྱེད་དཀའ་བས་ར་མ་འཚོ་མཁན་ཉུང་ཉུང་རེད། ཡིན་ཡང་། ངེད་ཚང་ལྟ་བུ་ལ་མཚོན་ན། རྩྭ་སའི་རྒྱ་ཁྱོན་ཆུང་ཞིང་ས་ལག་མཐིལ་ཙམ་པོའང་བྲག་གཟར་དང་རི་ལུང་གིས་བཅད་ཡོད་པས་ར་མ་འཚོ་བར་འོས། དེ་བས་ར་མ་གཉིས་ལ་ལུག་གཅིག་བྱས་ཏེ་ར་མ་ཉོ་སྒྲུབ་བྱས་ཤིང་དེ་དག་འཕོས་ནས་ར་མ་སུམ་ཅུ་ནས་བཞི་བཅུ་ཙམ་ལ་བུད། ངས་ར་མ་འཚོས་པས་སྡེ་བས་ང་ལ་ར་རྫི་ཞེས་བརྙས་བཅོས་དང་མཐོང་ཆུང་ཡང་གང་མང་བྱས་མྱོངས་་་་་་་་།
སྙན་སྒྲོན་པ།ར་རྫི་ཞེས་པའི་བརྙས་མིང་དེ་ནི་བསྟན་པས་མི་ཚེ་ཡི་ཁ་དོག་འཚོལ་བའི་སྒུག་ཤུགས་ལྟ་བུ་ཡིན་ལ། ར་རྫི་ཞེས་པའི་བཏགས་མིང་དེ་ནི་བསྟན་པའི་བྱིས་དུས་ཀྱི་དྲན་ཤིང་རིང་མོའི་ལྕགས་ཀྱུ་ལྟ་བུ་ཡིན། དེ་བས་ར་རྫི་ཞེས་པའི་མི་དེ་གླེང་འོངས་དུས་ང་ཚོས་དེ་ལས་ཀྱང་ཁོའི་མི་ཚེའི་རྗེས་སོར་གྱི་འཚོ་བར་འགྱུར་བ་ག་འདྲ་བྱུང་མིན་ཤེས་འདོད་དྲག་པོ་སྐྱེས་བྱུང་། བསྟན་པ་ཡིས་མུ་མཐུད་དུ་བཤད་རྒྱུར།
༼བཅར་འདྲིའི་སྒྲ།༽
རིམ་བཞིན་ང་རང་ལོ་བཅུ་བདུན་ལ་བུད་བྱུང་། དེ་དུས་མཁར་དམར་གྲོང་རྡལ་གྱི་གྲོགས་པོ་ཞིག་གིས་ཁྱེད་ཀྱིས་ཁྱིམ་ཚང་གཞན་པའི་ཟོག་འཚོའམ་ཞེས་དྲིས་པར་འཚོ་ཞེས་བཤད་ཅིང་། འོ་ན་ཁོ་ཚོའི་སྡེ་བར་ཁྱིམ་ཚང་ཕྱུག་པོ་ཞིག་ལ་ཕྱུགས་འཚོ་མཁན་དགོས་ཀྱིན་འདུག་པས་དེ་མི་བཟང་ངམ་ཟེར། ཕྱུགས་ག་ཚོད་ཡོད་པ་དྲིས་པས་ལུག་ཆིག་སྟོང་ལྷག་དང་ནོར་ཉིས་བརྒྱ་ནས་སུམ་བརྒྱ་ལྷག་ཙམ་ཡོད་མོད། དེང་སང་ག་ས་གང་དུ་རྩྭ་ར་བསྐོར་ཡོད་པས་དེ་འདྲའི་དཀའ་ལས་མེད་སྙམ་ཟེར། དེའི་རྗེས་ངས་ཕ་མ་གཉིས་དང་གྲོས་ཁ་བྱས་པས་ཁོང་གཉིས་ཀྱང་མོས་མཐུན་བྱུང་སྟེ། ཕྱུགས་པོ་དེ་ཚང་གི་ཕྱུགས་འཚོ་རྒྱུ་ཐག་གིས་བཅད། ལུག་སྟོང་གཅིག་དང་ནོར་ཉིས་བརྒྱ་ནས་སུམ་བརྒྱ་ལྷག་གི་གྲངས་ཀ་དེར་འདང་ཞིག་བརྒྱབ་ན་དེ་དུས་ང་ལ་དངོས་གནས་སྐྲག་སྣང་སྐྱེས་འོངས། དེ་འདྲ་ཞིག་སྔོན་ཆད་རང་གིས་འཚོ་རྒྱུ་ཕར་ཞོག་ཐ་ན་རྣ་ཡིས་ཐོས་པའང་མེད་པས་ཕྱུགས་ཟོག་དེ་འདྲ་མང་པོ་ཞིག་ཅི་ལྟར་འཚོ་རྒྱུ་ནི་བློ་ཡིས་དཔོག་དཀའ་བ་ཞིག་རེད། ཡིན་ནའང་ལོ་གཅིག་ཕྱུགས་འཚོས་གླ་རྐྱང་བར་སྒོར་སྟོང་བརྒྱད་བྱས་ཏེ་ལོ་ལྔ་དྲུག་ཙམ་ལ་འཚོས་པས་ངེད་ཚང་ལའང་ལུག་སུམ་བརྒྱ་ནས་བཞི་བརྒྱ་ཙམ་ལ་འཕར།
སྙན་སྒྲོན་པ།དེ་ལྟར་ལོ་སྣེར་ལོ་དང་ཟླ་སྣེར་ཟླ་བྱས་ཏེ། དབྱར་ཆར་ཆུ་དང་དགུན་གྲང་ངར་གྱི་དཀའ་བ་གང་མང་ཁྱད་དུ་བསད་ནས་མི་ལོ་བཅུ་གྲངས་ཙམ་ལ་གཞན་ཁྱིམ་གྱི་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་བཟའ་མི་གང་བོའི་འཚོ་བ་འཕུལ་ཐབས་བྱས་པས། ཐག་ཉེ་རིང་ཀུན་གྱི་འཕྱ་སྨོད་དང་དམའ་འབེབ་ནི་དེ་ལས་ཀྱང་འབྲལ་མེད་དུ་མྱངས་མྱོངས་མོད། འོན་ཀྱང་། ར་རྫི་བསྟན་པས་དེ་དག་ཚང་མ་རྣ་རྒྱབ་ཀྱི་རླུང་བུ་བཞིན་དོར་ནས། ཕོ་ལོ་ཉི་ཤུའི་ཐེམ་ཁ་རྡོག་པས་མནན་ཅིང་གཞི་ཁྱིམ་གསར་བ་ཞིག་གི་བཀྲ་ཤིས་རྟེན་འབྲེལ་བསྒྲིགས་ཏེ་རང་ཁ་རང་གསོ་དང་རང་འཚོ་རང་བདག་གི་ལས་སུ་འབད་མགོ་བརྩམས།
མི་འདྲ་ཡང་སེམས་མི་འདྲ། རྟ་འདྲ་ཡང་གོམ་མི་འདྲ་ཞེས་པའི་དཔེ་ལྟར་དུ་ར་རྫི་བསྟན་པར་ཆུང་བྱིས་པའི་དུས་ནས་ལག་ཤེས་བཟོ་ལས་པ་ཞིག་བྱ་འདོད་ཀྱི་གཞན་དང་མི་འདྲ་བའི་ཕུགས་བསམ་བཟང་བོ་ཞིག་ཡོད་མོད། ཕོ་ལོ་ཉི་ཤུའི་རང་བྱ་རང་གིས་སྒྲུབ་ཐུབ་རག་བར་དུ་མི་སུས་ཀྱང་ར་རྫི་བསྟན་པས་ཅི་འདོད་གང་དྲན་ལ་དོ་སྣང་སྤུ་ཙམ་ཡང་བྱེད་མ་མྱོངས་བ་དང་ཁྱིམ་ཚང་གི་ཆ་རྐྱེན་གྱིས་མ་འདང་རྐྱེན། དེ་ལྟ་བུའི་ཕུགས་བསམ་དེའང་ཁོའི་བྱིས་བློའི་འཕྲུལ་སྣང་ཙམ་དུ་ཟད་སོང་། འོན་ཀྱང་གསེར་ས་འོག་ཡོད་ན་འོད་ནམ་མཁར་འཕྲོ་ཞེས་པ་བཞིན་ད་ནི་ཁོའི་མི་ཚེའི་ཕུགས་བསམ་གྱི་མེ་ལྕེ་དམར་པོ་ཁད་ཀྱིས་མཆེད་དེ་རང་ཁྱིམ་གྲུ་བཞིར་བདེ་སྐྱིད་ཀྱི་དྲོད་ཁོལ་གསར་བ་ཞིག་བསྐྱིལ་མགོ་བརྩམས་པ་མ་ཡིན་ནམ། ར་རྫི་བསྟན་པས་དེང་ཐོག་རང་ཉིད་ཀྱི་བསམ་པའི་འཁྱེར་སོ་ལྟར་ཕྱུགས་ཟོག་ཡོད་ཚད་བཙོང་རྗེས་བསྟུད་མར་བོད་ལ་འཚེམ་བཟོ་དང་ལམ་ལས་སོགས་ལས་སྣེ་དུ་མ་ཞིག་ལ་འཇུས་ཀྱང་རེ་རེ་ནས་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་མ་བྱུང་། ཡིན་ནའང་། ར་རྫི་བསྟན་པས་ཆུང་བྱིས་པའི་དུས་ནས་ལག་ཤེས་བཟོ་ལས་པ་ཞིག་བྱ་འདོད་ཀྱི་ཕུགས་བསམ་དེ་ལས་གང་ཞིག་ནས་མགོ་རྩོམ་དགོས་པ་དང་ཇི་ལྟར་རྩོམ་དགོས་པ་མ་ཤེས་པར་ལོ་ངོ་གཉིས་གསུམ་ཙམ་འགོར་བའི་རྗེས་སུ། ཁོ་རང་དངོས་སུ་ཤིང་བཟོའི་ལས་ལ་སློབ་རྒྱུའི་སེམས་ཐག་བཅད་ཅིང་། 2012ལོའི་དཔྱིད་ཟླ་གསུམ་པར་ཕ་ཡུལ་མཚོ་ལྷོ་ཁུལ་མང་རྫོང་ནས་ཡོང་བའི་ས་དེ་གའི་ཤིང་བཟོ་ཞིག་གི་རྗེས་སུ་འབྲང་སྟེ་ཕྱི་ཕྱོགས་སུ་ཤིང་སློབ་པར་སོང་། བསྟན་པ་ཡིས་བཤད་རྒྱུར།
༼བཅར་འདྲིའི་སྒྲ།༽
དེ་ནས་ང་ཤིང་བཟོ་ཚང་ལ་སོང་ཏེ་དགེ་རྒན་གྱིས་ཤིང་བརྐོ་སྟངས་ཁྲིད་པས་ངས་ཀྱང་ཧུར་ཐག་གིས་སློབ་པ་ཡིན། ཤིང་ལ་རི་མོ་རྐོ་བར་དཀའ་ལས་ཧ་ཅང་ཆེན་པོ་འདུག ཡིན་ཡང་འབད་པ་ལྷོད་མེད་བྱས་པ་ཡིན། 2013ལོར་དགེ་རྒན་ཚང་རུ་སྤར་ཏེ་ཀོས་ནན་རྫོང་ཏུ་སོང་བ་དང་ང་ཡང་དེར་སོང་ནས་ལོ་ཧྲུལ་བོར་ཤིང་སློབ་པ་ཡིན། དེ་ལྟར་ལོ་དེའི་ལོ་མཇུག་ལ་ཐོན་དུས་ངས་ཀྱང་ཤིང་ལ་རི་མོ་རྐོ་ཤེས་པར་གྱུར། དེ་བས2014ལོར་ཐོན་དུས་དགེ་རྒན་གྱིས་ང་ལ་ཁྱོད་ཀྱིས་དཀའ་ལས་མང་པོ་མྱངས་ཏེ་རི་མོ་རྐོ་རྒྱུ་ལེགས་པར་སྦྱངས་སོང་། དངོས་གནས་ངར་བ་རེད། ད་ཁྱོད་ཀྱི་ཡུལ་ནའང་དཀའ་ལས་མཐོང་གི་ཡོད་ས་རེད། ད་ནས་བཟུང་ངས་ཁྱོད་ལ་ཟླ་བ་རེ་རེར་ཕོགས་སྟེར་འོས། འོན་ཀྱང་ད་རུང་ཐོག་མའི་དུས་ཡིན་པས་ངས་ཁྱོད་ལ་ཉིན་རེར་སྒོར་བརྒྱ་དང་ལྔ་བཅུ་སྟེར། ཟླ་གཅིག་ལ་སྒོར་སྟོང་བཞི་དང་ལྔ་བརྒྱ་རེད་ཟེར། དེ་ལྟར་བྱས་པས་ལོ་གཅིག་ཙམ་ལ་དགེ་རྒན་གྱི་དྲུང་དུ་ཕོགས་བླངས་ནས་ཤིང་བཟོས་པ་ཡིན། 2015ལོར་ང་རང་ཕྱིར་ཡུལ་ལ་ལོག་ནས་ཆེས་ཉུང་བར་སྒོར་ཁྲི་གཅིག་ལ་སྟོང་གཉིས་ཀྱི་སྐྱེད་ཀ་སྤྲད་ནས་སྒོར་འབུམ་གཉིས་ལྷག་བསྐྱིས་ཏེ། དགེ་རྒན་དང་ལྷན་དུ་ལན་གྲུ་རུ་སོང་ནས་ཤིང་བཟོའི་འཕྲུལ་ཆས་ཉོས་ཤིང་། ཟླ་གཉིས་པ་ནས་བཟུང་དངུས་སུ་རང་ཉིད་ཀྱི་ཤིང་རྐོ་བའི་ལས་གཞི་མགོ་བརྩམས་པ་ཡིན། ད་ལྟ་ལོ་གཅིག་ལ་ཡོངས་འབབ་སྒོར་ཁྲི་བཅོ་ལྔ་ནས་ཉི་ཤུ་ཡོད། ད་ལྟ་ཕྱིར་དྲན་རེ་བྱས་ན་སྔོན་ཆད་ཁ་ཡ་ན་ཟླ་ཚོའི་གྲས་ནས་རང་ཉིད་ཀྱིས་སྡུག་མང་པོ་མྱངས་མྱོངས་མོད། དེང་སང་ཀུན་གྱིས་ཤིང་བཟོ་ཞེས་མཐོང་ཆེན་བྱས་ན་སེམས་ནས་ཧ་ཅང་དགའ་བོ་འདུག རང་ཉིད་ཀྱིས་མི་ཚེའི་ཁ་ཕྱོགས་འདེམས་པ་ཤིན་ཏུ་འགྲིག་འདུག་སྙམ་མོ།
སྙན་སྒྲོན་པ།དེ་ལྟར་ར་རྫི་བསྟན་པ་ནས་ཤིང་བཟོ་བསྟན་པར་ཐོགས་པའི་གསར་བུ་འདིའི་མངར་ལ་སྐྱུར་བའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ། ཁོའི་སེམས་ཀྱི་དྲན་ཕྱོགས་དང་མིག་གི་ལྟ་ཕྱོགས་རྟོགས་མཁན་ནི་དྲན་ཆེན་གྱི་ཕ་མ་གཉིས་ལས་གཞན་ཏག་ཏག་ཆུང་མ་ལྷ་མོ་སྒྲོལ་མ་ཡིན་པ་འདྲ། ཁོ་གཉིས་ཀ་སྔོན་བསགས་ཀྱི་ལས་འབྲས་བཟང་བོས་ཚེ་གཅིག་གི་སྐྱ་ཡར་གྱུར་བ་ནས་བཟུང་། ལྷ་མོ་སྒྲོལ་མས་བསྟན་པས་གང་དྲན་དང་ཅི་སྒྲུབ་ཀྱི་བྱ་བར་སྔོན་འགོག་གི་སྐད་ཆ་ཚིག་གཅིག་བཤད་པ་མ་དགོས་མི་འཐད་པའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་སྟོན་མ་མྱོངས་བར་མ་ཟད། ཁོ་མོས་ནམ་རྒྱུན་ཁྱོ་ག་ཕྱི་རུ་སོང་བའི་ལོ་ཡི་ཁོར་མོ་ཡུག་ཏུ་བསྟན་པའི་ཕ་མ་གཉིས་ལ་བདག་སྐྱོང་བྱེད་པའི་ཞོར་དུ། ཁྱིམ་དེ་གའི་ཕོ་ལས་མོ་ལས་ཡོད་ཚད་རང་ཉིད་གཅིག་པུས་ཕྲག་ཏུ་ཁུར་ནས་ངལ་དུབ་ཀྱི་རྔུལ་ཆུ་གང་མང་ས་ལ་ཟགས་ཀྱང་ལེ་བདའ་དང་ཁག་འགེལ་མེད་པ་ནི་བསྟན་པར་མཚོན་ན་ཆེས་ཆེ་བའི་བསམ་བློའི་རྒྱབ་སྐྱོར་དེ་ཡིན་འདུག ལྷ་མོ་སྒྲོལ་མས་བཤད་རྒྱུར།
༼བཅར་འདྲིའི་སྒྲ༽
སྔོན་ཆད་ཕྱུགས་འཚོ་དུས་དང་བསྡུར་ན་ད་ལྟའང་ཁོས་སྡུག་མང་པོ་མྱངས་ཀི་ཡོད་མོད། འོན་ཀྱང་ཡོངས་འབབ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་འགྲིག་འདུག
གསར་འགོད་པས་བསྟན་པ་དང་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ཉི་མ་ཅི་ལྟར་ནུབ་པ་ཡང་མ་ཚོར་བར་ས་སྲོད་ཀྱི་དུས་སུ་སླེབས་ཤིང་། ས་སྲོད་ཀྱི་དུས་སུ་བསྟན་པའི་གཏམ་རྒྱུད་ཀྱང་རེ་ཞིག་མཇུག་མི་རྫོགས་ཐབས་མེད་ཀྱི་ཚུལ་གྱིས་ང་ཚོ་ཕྱིར་མདོ་ལ་རྫོང་ཐོག་ཏུ་ལོག
གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྟ་མགྲིན་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ“ར་རྫི་བསྟན་པ་དང་ཤིང་བཟོ་བསྟན་པ”ཞེས་པ་དེ་ཡིན།
གསར་འགོད་པས་ཤིང་བཟོ་བསྟན་པར་བཅར་འདྲི་བྱེད་བཞིན།
བརྩོན་པའི་དན་རྟགས།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།