ཉན་མཁན་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ། དེས་ན་ཐེངས་འདིའི༼བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན༽ཞེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྟ་མགྲིན་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡི་ལ“དར་སྐྱབས་རྒྱལ་གྱི་ཕྱུག་འགྱུར་རེ་འདུན།”ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་དུས་ལྟར་གསན་པར་དགའ་བསུ་ཞུ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧར་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་དར་སྐྱབས་རྒྱལ་ནི་ཆུང་དུས་ནས་ནོར་ལུག་གི་རྨིག་རྗེས་འབྲངས་བའི་འབྲོག་ཕྲུག་ཅིག་ཡིན་ལ། ཕོ་ལོ་བཅོ་ལོའི་ན་ཚོད་ཟིན་རག་བར་དུ་ཕ་མ་གཉིས་དང་ལྷན་གཅིག་ཕྱུགས་ཟོག་རྐྱང་བར་བརྟེན་ནས་འཚོ་བ་རོལ། ཡིན་ནའང་། གཅིག་ཏུ་ཁྱིམ་ཚང་གི་རྩྭ་སའི་རྒྱ་ཁྱོན་ཆུང་ཞིང་འཚོ་རྟེན་ཕྱུགས་ཟོག་གི་ཁ་གྲངས་ཉུང་བ། གཉིས་སུ་ཁོ་རང་ལོ་ན་ཆུང་བ་དང་ཕ་མ་གཉིས་ཀྱང་ན་ཚོད་བགྲེས་པོ་ཡིན་རྐྱེན་འཚོ་བའི་ཆ་རྐྱེན་ཧ་ཅང་ཐབས་ཆག་ཡིན། རིམ་བཞིན་དར་སྐྱབས་རྒྱལ་ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་དེ། སྟག་ཤ་རས་རང་བྱ་རང་གིས་བསྒྲུབ་པའི་དུས་ལ་སླེབས་ཤིང་། བཟའ་ཟླ་ཚེ་རིང་སྒྲོལ་མ་ཆུང་མར་བླངས་ཏེ་འཚོ་བ་གསར་ཞིག་གི་བརྒྱུད་རིམ་ལ་སྟ་གོན་བྱས། དར་སྐྱབས་རྒྱལ་གྱིས་བཤད་རྒྱུར།
༼བཅར་འདྲིའི་སྒྲ༽
དེ་ཡིན་ན་སྔོན་ཆད་རང་ཉིད་ཀྱིས་ཕྱུགས་ཟོག་འཚོ་བའི་དུས་སྐབས་དེར་ཕྱུགས་ཟོག་མང་པོ་མེད་ལ། རྩྭ་ས་ཡང་ཆེན་པོ་མི་འདུག་ཀྱང་། རྩྭ་ས་ཉོ་བར་ཆ་རྐྱེན་གྱིས་འདང་ཀི་མི་འདུག དེའི་རྗེས་ནས་བཟུང་རང་ཉིད་ཀྱིས་ལམ་ལས་སོགས་ལས་ཀ་མང་པོ་ལས་ཏེ་སྡུག་ཀྱང་མང་པོ་མྱངས་མྱོངས། ཡིན་ནའང་། ལས་ཀ་དེ་འདྲ་ལས་ན་སྡུག་ཆེན་པོ་མྱངས་བ་ལས་ཡོང་སྒོ་དེ་འདྲ་མི་འདུག དེའི་རྗེས་ནས་ང་ཚོའི་ཕ་ཡུལ་གྱི་འབྲུག་ལྷ་ཟེར་བའི་རུ་གཙོ་ཞིག་གིས་རྡོ་རྐོ་བཞིན་ཡོད་པ་དེར་དེ་སོང་ནས་ལས་ཀ་བསྒྲུབས་པ་ཡིན། ཡོང་སྒོའང་ལྟོས་བཅས་ཀྱིས་མི་ཆོག་རྒྱུ་མེད་མོད། ཡིན་ཡང་དེ་ནི་དབྱར་ཐོག་གཅིག་ཙམ་ལས་ལས་རྒྱུ་མི་འདུག
གནད་ཕིགས་དབུལ་སྐྱོར་གྱི་བྱ་བཞག་ཆེན་པོ་མཚོ་སྔོན་གྱི་ག་ས་གང་དུ་ལག་བསྟར་བྱེད་མགོ་བརྩམས་ཤིང་། ཁྱིམ་ནང་དུ་ལོ་ན་དྲུག་ཅུར་སོན་པའི་སྒྱུག་མོ་དང་དམའ་འབྲིང་འགྲིམ་བཞིན་པའི་བྱིས་པ་གཉིས་ཡོད་ལ། ལུག་ཉི་ཤུ་དང་ནོར་དྲུག་བདུན་ཙམ་གྱི་འཚོ་རྟེན་ལས་མི་གཅིག་གི་ལོ་རེའི་ཆ་སྙོམས་ཡོངས་འབབ་སྒོར་ཉིས་སྟོང་མི་ཟིན་པའི་དར་སྐྱབས་རྒྱལ་ཚང་དངོས་སུ་དབུལ་ཁྱིམ་གྱི་གྲས་སུ་ཚུད། དར་སྐྱབས་རྒྱལ་གྱིས་རང་ཁྱིམ་ཚང་གི་འཚོ་བ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་སེམས་སུ་དམ་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་ཡར་ལས་མར་ལས་བཅོ་བརྒྱད་བྱས་ཀྱང་། མཐུར་ཐུག་སྟེ2016ལོའི་ཟླ་བ་དགུ་བར་གོ་རེ་འཚོང་བའི་ལས་ཀར་ཞུགས་མགོ་བརྩམས། དར་སྐྱབས་རྒྱལ་གྱིས་བཤད་རྒྱུར།
༼བཅར་འདྲིའི་སྒྲ༽
དེའི་རྗེས་ནས་དབྱར་དགུན་གཉིས་ཀར་ཡོང་སྒོ་བཙལ་ཐུབ་པའི་ལས་ཀ་ཅི་ཞིག་བསྒྲུབ་ན་འོས་མིན་ལ་འཆར་གཞི་བཟོས་པ་ཡིན། རུ་གཙོ་འབྲུག་ལྷ་ཡིས་ཁྱོད་ཀྱིས་གོ་རེ་བཙོང་ས་ཞིག་བསྒྲུབ་ཐུབ་རྒྱུ་ན་ཅི་མ་རུང་ཞེས་བཤད་པས་ངས་ཀྱང་དེའི་ཕྱོགས་སུ་བསམ་བློ་འཁོར་བ་ཡིན། གོ་རེ་བཙོང་ས་ཞིག་བསྒྲུབ་པར་ཐོག་མའི་མ་དངུལ་ཡང་མང་པོ་མི་འདུག རང་ཉིད་སྡེ་བའི་མང་གི་གློག་ལས་པ་ཡིན་པས་དེར་ཁྱིམ་རེ་ནས་སྒོར་ལྔ་བཅུ་རེ་བྱིན་པས་མ་མཐར་ཡང་སྒོར་མོ་སྟོང་ལྔ་དྲུག་ཙམ་ཡོད་པ་དེས་གོ་རེ་ལས་བྱེད་ཀྱི་འཕྲུལ་ཆས་སོགས་ཉོས་ཏེ་གོ་རེ་བཙོང་ས་འདི་ཕྱེས་པ་ཡིན། དེའི་རྗེས་ནས་སྡེ་བའི་ལས་བྱེད་ཚོས་རོགས་རམ་འོག འཕྲུག་ཆས་སྔར་བས་མང་པོ་ཉོས་ཏེ་གོ་རེ་བཙོང་ས་འདིའི་གཞི་རྒྱ་ཆེ་རུ་བཏང་བ་ཡིན། ད་ལྟ་ཡོང་སྒོ་ཧ་ཅང་བཟང་། གོ་རེ་བཙོང་ས་འདི་ཡིན་ནའང་། འདི་ལ་དཀའ་ལས་ཧ་ཅང་ཆེན་པོ་འདུག དགོང་མོར་བྱེ་སྙོལ་བ་དང་དེ་ནས་བརྫུ་བ། ནམ་གུང་ཕྱེད་ལ་ལངས་ནས་གོ་རེ་བཙོ་དགོས། གལ་སྲིད་བྱེ་བསྙལ་བ་མ་འགྲིག་ན་ནམ་གུང་ཡང་བསྐྱར་བྱེ་བསྙལ་དགོས་པ་སོགས་དཀའ་ལས་ཤིན་ཏུ་མི་ཉུང་ཞིག་འདུག་མོད། ཡོང་སྒོ་བཟང་བས་ད་ལྟའི་བར་མ་བཏང་བར་ལས་ཀ་འདིར་འབད་པ་ཡིན།
ལོ་གཉིས་ཀྱི་སྔ་རོལ་ཏུ། ཕྱུགས་ཟོག་གི་རྨུག་རྗེས་དང་བྲལ་བའི་དར་སྐྱབས་རྒྱལ་ཚང་ནི་སྒེར་གཉེར་ཚོང་དུད་མང་པོའི་ཁྲོད་ཀྱི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་གྱུར། ཧར་དགེ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྲང་ལམ་དོག་མོ་གཅིག་ཡོད་ལ། དར་སྐྱབས་རྒྱལ་གྱི་གོ་རེ་འཚོང་སའང་སྲང་ལམ་དེ་རུ་གནས། གོ་རེ་ཚོང་ཁང་གི་སྒོ་ཕྱེས་པ་ན་གོ་རེ་འཇོག་སའི་ཐག་སྒམ་དང་ཕྱེ་བདལ་འཕྲུལ་འཁོར་སོགས་གོ་རེ་ལས་སྣོན་གྱི་འཕྲུལ་ཆས་ཅུང་ཆ་ཚང་བར་བསྒྲིགས་ཡོད་ལ། མུ་མཐུད་ནས་ནང་དུ་སོང་བ་ན། ཁང་མིག་གཅིག་ལོགས་གཉིས་སུ་བགར་བའི་ལོགས་གཅིག་ཏུ་གོ་རེ་བཙོ་ས་དང་ལོགས་གཞན་དེ་རུ་ཁྱིམ་གཞི་བྱས་ཡོད། གསར་འགོད་པ་དར་སྐྱབས་རྒྱལ་ཚང་ལ་ཐོན་དུས། ཁོ་དང་ཁོའི་ཆུང་མ་ཚེ་རིང་སྒྲོན་མ་གཉིས་ཀྱིས་ནམ་རྒྱུན་ལྟར་གོ་རེ་ལས་ཞོར་དང་བཙོང་ཞོར་བྱེད་པའི་ལས་ཀར་བྲེལ་བཞིན་འདུག
༼བར་བཅུག་གི་སྒྲ༽
མགྲོན་པོ། སྦྱིན་བདག།
དར་སྐྱབས་རྒྱལ། ཨོ་་་
མགྲོན་པོ། གོ་རེ་ཞིག་འཚོང་དང་།
དར་སྐྱབས་རྒྱལ། འོ་ཡ། གོ་རེ་ཆེ་བ་དགོས་སམ་ཆུང་བ་དགོས།
མགྲོན་པོ། གོ་རེ་ཆུང་ཆུང་སྒོར་ལྔ་ཅན་པོ་དེ་དགོས།
དར་སྐྱབས་རྒྱལ། འོ་ཡ།
མགྲོན་པོ། ད་འདི་ངས་ནམ་རྒྱུན་ཉོས་པ་ཡིན། གོ་རེ་ཡི་རྒྱུ་སྤུས་སོགས་གང་ཐད་བཟང་བོ་འདུག དེ་བས་ང་དེ་རིང་ཡང་ཉོ་རུ་ཡོང་བ་ཡིན་་་་་་་་་་་།
ད་ལྟ་དར་སྐྱབས་རྒྱལ་བཟའ་ཟླ་གཉིས་ཀྱིས་གོ་རེ་བཙོང་བའི་ཉིན་གཅིག་གི་ཡོང་སྒོ་སྒོར་སུམ་བརྒྱ་ནས་བཞི་བརྒྱ་ལྷག་དང་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་དྲུག་ལྷག་ཡིན་ལ། གོ་རེ་ཉོ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཁོ་བཟའ་ཟླ་གཉིས་ཀྱི་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་ཡིད་ཆེས་ཟབ་མོ་ཁེངས་འདུག
གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྟ་མགྲིན་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ“དར་སྐྱབས་རྒྱལ་གྱི་ཕྱུག་འགྱུར་རེ་འདུན།”ཞེས་པ་དེ་ཡིན།
གསར་འགོད་པས་དར་སྐྱབས་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
ངལ་རྩོལ་གྱི་འབྲས་བུ།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།