རྩེད་འགོ་ཁུ་བྱུག་སྔོན་མོས་དབྱར་ལ་བླངས་ན།།
རྩེད་རྔ་བྱིའུ་ཆུང་འཇོལ་མོས་དགུན་ལ་སྐྱོངས་ཤོག
སྡེ་ཆེན་རྩེ་བའི་རྩེད་འགོ་ཁྱོད་ཀྱིས་འཛིན་ན།།
ལ་གཞས་དགུ་ཚིགས་འཁོར་ལོ་ང་ཡིས་ལོས་སྐོར།།
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཟླ་བཟང་སྒྲོལ་མ་ནས་བཀོད་པའི་གསར་འགྱུར།
ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས། ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་ལྷོ་བ་ཚེ་རིང་དང་། རྒྱལ་ཁབ་གྱི་རིམ་པ་བཞི་བའི་འཁྲབ་སྟོན་པ། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ན་བྱ་བ་གཉེར་བཞིན་པའི་བོད་ཀྱི་གླུ་བ་གྲགས་ཅན་དགེ་ལེགས། སྐབས་རིམ་བྱུང་གི་«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་སྤྱིའི་ཇུས་འགོད་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན་བཅས་ཡིན།
འགྲན་སྡུར་གྱི་ཡུལ་དངོས།
དཔྱད་འདེམས་པ་ལྷོ་བ་ཚེ་རིང་།
དཔྱད་འདེམས་པ་དགེ་ལེགས།
དཔྱད་འདེམས་པ་བསྟན་འཛིན།
ཐེངས་འདིའི་འགྲན་སྡུར་གྱི་མདོ་འཛིན་པ་ཟླ་བཟང་སྒྲོལ་མ།
སེམས་ཀྱི་དུང་བ་ཟབ་མོ་སྙན་མོ་ངག་ལ་བཀུག་ཅིང་ཡིད་ཀྱི་དགའ་བ་ཡོད་ཚད་ཁ་ཚིག་མགུར་ལ་དྲངས་ནས། མཐུན་པའི་རྡོ་རྗེའི་དམ་ཚིག་དབྱངས་ཀྱི་གདངས་ལ་བརྒྱུས་ཏེ་དྲན་པ་སྨྲེང་བའི་ན་ཟུག་གླུ་རུ་ལེན་པ་ནི་ལ་གཞས་ཡིན། ལ་གཞས་ནི་ཕོ་མོའི་བར་གྱི་ལྷད་མེད་བརྩེ་འདང་དང་ནང་སེམས་ཀྱི་འགྱུར་བ་ཡོད་ཚད་གོ་བདེ་ཞིང་ཚིག་གི་ཕྲེང་བ་དོ་མཉམ་པའི་སྒོ་ནས་བརྗོད་པ་དང་། རི་ཆུ་ནགས་གསུམ་སོགས་རང་བྱུང་ཁམས་ཀྱི་མཛེས་པ་ཐམས་ཅད་དཔེ་རུ་དྲངས་ཏེ་བདེ་སྐྱིད་ཀྱི་འཚོ་བ་སྙན་མོ་དབྱངས་ལ་འགུག་པའི་བོད་ཀྱི་དམངས་ཁྲོད་ངག་རྒྱུད་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན། ཐེངས་འདིའི་འགྲན་ཞུགས་པ་རྣམས་ཀྱིས་ཀྱང་སྡེ་ཆེན་གྲོང་གི་རྩེད་རོགས་དྲན་ཞིང་། ན་ཆུང་རོགས་ལོའི་ཞེ་འདང་བསམ་ནས་ས་ཐག་རིང་ལམ་ཐག་འདོམ་ལ་འཇལ་ཏེ། ཁ་ལ་ལ་སྲིད་པའི་གླུ་རྒན་རེ་རེ་སྐད་སྙན་མོ་ཀ་ལ་པིང་ཀར་བརྒྱུས་ནས་ཐོན་ཡོད།
སྡེ་ཚོ་དྲུག་རྩེད་རའི་ནང་ན། སྨན་བུ་མོའི་འཛུམ་ཆུང་མང་གི
ངས་སྟོང་ཚོགས་ལྷ་མོའི་ནང་གི མིག་གཏད་ས་རོགས་ལོ་ཁྱོད་ཡིན།
སྟག་ཤ་ར་སྙིང་གི་འོད་ཐིག་རེད། ལུས་དཔའ་རྩལ་ཡིད་ཀྱི་མཆོད་མེ་རེད།
སེམས་བརྩེ་བ་རྡོ་རྗེ་དགུ་མདུད་རེད། འདང་མི་འགྱུར་སེམས་ཐག་གོར་མོ་ཡིན།
མ་ཁྱོད་ཚོ་གོམ་ཆེན་འདོ་བ་རེད། ཕོ་ངེད་ཚོ་ཁྱུང་ཆེན་གསེར་སྒ་རེད།
ཞེ་སྣང་བ་དངུལ་སྲབ་སིལ་མ་རེད། མཐུན་སོང་ན་སྒ་སྲབ་རྟ་གསུམ་རེད།
ཕོ་སྒོ་ཡག་གི་འཛམ་གླིང་ཉི་མ་རེད། ཁ་ཚིག་འཇམ་པོ་རྗེ་བཙུན་མགུར་མ་རེད།།
ན་ཆུང་རྩེད་ར་རྩེད་རོགས་མང་ས་རེད། སྣང་བ་མཐུན་ན་རྩེད་རོགས་ཉན་ནི་རེད།།
མོ་སྒོ་ཡག་གི་བཅོ་ལྔའི་དུང་ཟླའི་ཆ། ཁ་ཚིག་སྙན་མོ་རྗེ་བཙུན་མགུར་མའི་གསུང་།
ཞེ་སེམས་མཐུན་པ་ཇ་དང་འོ་མའི་ཚུལ། འདི་མོ་རོགས་ཤིག་ཡོད་ན་སྐྱིད་ལ་སྤྲོ།