ཉིན་གཉིས་ཀྱི་འགྲན་སྡུར་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་ཡོངས་སུ་མཇུག་སྒྲིལ་བ་དང་། འགྲན་ཞུགས་པ་ཉེར་བཞིའི་གྲས་སུ་གླུ་བ་དར་སྐྱབས་རྒྱལ་དང་། ཚེ་བརྟན་རྡོ་རྗེ། རྣམ་རྒྱལ་མགོན། ཁོན་ཐར་རྒྱལ། བསོད་ནམས་རིན་ཆེན་དང་། གླུ་མ་ཕུན་སུམ་ཚེ་སྐྱིད། བདེ་སྐྱིད་འཚོ། ཚེ་རིང་མེ་ཏོག ཕུར་མཚོ། དམ་ཆེན་མཚོ་མོ་བཅས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཐོག་མའི་འགྲན་སྡུར་ཁྲོད་བདམས་ཐོན་བྱུང་།
སྡེ་ཆེན་པོ་ཤེལ་དཀར་མེ་ལོང་རེད། རོགས་ཆུང་ལོ་རྡོ་རྗེ་མདུད་པ་རེད། ཁ་ལ་གཞས་བསམ་པའི་དོན་གྲུབ་རེད།
རོགས་ཁྱོད་ཚོ་གོས་ཆེན་ཕྱི་མ་བྱོས། མ་ང་ཚོ་རས་ཆུང་ནང་མ་བྱེད།
ཞེ་བསམ་པ་བཟོ་སྐུད་ཕྲ་མོ་བྱེད། བཙེམ་དང་ན་འཐོར་རྒྱུ་མེད་ནི་བྱེད།
རྨ་ཕ་རིའི་རྨ་ཆེན་རྫ་དེ། དགུང་ཉི་མ་ཀླད་ནས་ཤར་རུང་། ཞུ་འགྲོ་བའི་བསམ་པ་མེད་དོན།
ཤར་རྨ་རྒྱལ་ཁོང་གསེང་དར་རེད། གངས་མི་ཞུ་དོན་མགོ་དེ་རེད།
རྨ་ཚུར་རའི་ཚྭ་མཚོའི་ཁ་ནས། དུང་ལེན་རྒྱུ་མེད་ནི་མིན་ཡང་།
འདི་ནུབ་ཕྱོགས་གཡུ་མཚོའི་ཁ་ནས། དུང་གཡས་འཁྱིལ་ཞིག་ལ་སྙེག་ནི།
དགུང་ཨ་སྔོན་གོས་སྔོན་འདྲ་བོ། གོན་ཟེར་ན་དགུང་སྔོན་གནམ་རེད། འཇོག་བསམ་ན་ཡག་བཞིན་འདི་རེད།
ཕོ་ངེད་ཚོས་སྡེ་རུ་བརྒྱུད་དུས། ཞེ་ཕྱིར་ར་རོགས་ལ་ཆགས་ཡོད།
ཆགས་ཡོད་པ་རོགས་གིས་ཅི་ཤེས། ཕོ་ངེད་ཚོས་སེམས་ན་བརྗེད་མེད།
ཚོགས་རའི་ཡུལ་དངོས།
མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་དག
མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་མ་དག
མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་དང་དཔྱད་འདེམས་པ་དག་གི་མཉམ་པར།