སྤེལ་དུས།2018.09.21 ཡོང་ཁུངས།
1597
0

སྟོན་ཁ་ནི་འབྲས་ལྡན་གྱི་དུས་དེ་ཡིན་ལ། སྟོན་ཁ་ནི་རེ་སྨོན་གྱི་དུས་དེ་ཡིན།   ལོ་ལེགས་དང་རེ་བས་བརྟས་པའི་དུས་ཚིགས་ཤིག་ཚུར་སླེབས་པ་འདི་ནི་གསེར་མདོག་གི་ལང་ཚོས་ཀུན་ཡིད་ཅིག་ཅར་འཕྲོག་པའི་སྟོན་ཁ་རེད། སྟོན་ཁར། མི་རྣམས་ཀྱིས་གསེར་གྱི་འབྲུ་རྡོག་རེ་རེ་སྤར་མོས་སྡོམ་གྱིན། སྟོན་བསྡུ་དང་འབྲེལ་བའི་མཛེས་སྡུག་གི་ཡིད་སྤྲུལ་མཐའ་དག་སེམས་ངོགས་སུ་འགྲེམ་གྱིན་ཡོད་ལ། རྨི་ལམ་དུ་འཁོར་བའི་ཡིད་འོང་གི་འཚོ་བའི་རི་མོར་འཆར་གཞི་བཟོ་བཞིན་ཡོད། 

སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པ་ཡང་ཟླ་བཞི་ལྷག་གི་དུས་ཡུན་བརྒྱུད། ད་ནི་འབྲས་བུ་བསྡུ་བའི་དུས་ལ་སླེབས་ཡོད་ཅིང་།  ཁ་སང་ཉིན་གཅིག་གི་བསྐྱར་འགྲན་འཕར་མའི་འགྲན་སྡུར་ཁ་ལ་ལའི་ལ་སྐད་དང་འགྲོགས་ནས་འགྲན་ཞུགས་པ་རྣམས་ཀྱིས་བརྩེ་བའི་རི་མོ་སིལ་ཏོག་གླིང་ཀར་བཀོད་ཅིང་། ཞེ་འདང་ཟབ་མོ་རྨ་ཆུའི་བཞུར་རྒྱུན་དང་བསྡོངས་ནས་ལྟད་མོ་བ་དག་གི་སྙིང་ཁོངས་སུ་འཁྱིལ་སོང་། དེ་རིང་ཡང་མུ་མཐུད་དུ་གླུ་བ་གླུ་མ་རྣམས་ཀྱིས་ཞེའི་སྨྲེང་བ་ཐམས་ཅད་རོགས་འདང་ཅན་གླུ་བའི་ཚིག་སྣེ་ལས་གྲོལ་ཞིང་། ཞེ་འདང་དར་གྱི་མདུད་པ་ཞེ་མཐུན་གླུ་བའི་ལྕགས་ཀྱི་ཨ་ལུང་དུ་མདུད་ལ། བྲལ་དཀའི་དྲན་ཤིང་རིང་མོ་རོགས་ལོའི་ཞེ་རུས་བརྟན་པོར་བརྫངས་བས་ཉན་མཁན་མང་པོའི་་སེམས་པ་རབ་ཏུ་སྐྱོམ་པར་བྱས་ལ། རོགས་འགལ་རེས་དང་མཐུན་རེས། བྲལ་རེས་དང་སྨྲེང་རེས། རྩོད་རེས་སོགས་ཉིན་འདི་གཉིས་རིང་འགྲན་ཞུགས་པ་རྣམས་ཀྱིས་ལ་སྐད་རིང་འཐེན་གྱི་ཁྱད་ཆོས་མངོན་པར་བསྟན་སོང་ལ། སྲོལ་རྒྱུན་ལ་གཞས་ཀྱི་བརྩེ་བ་རྦབ་ཆུ་བཞིན་དྲག་ཏུ་བབས་ཤིང་། གསར་དར་དགུ་ཚིགས་སོགས་ཀྱི་མེ་ཏོག་རྣམ་པར་བཞད་པས། ཁྲོམ་པའི་ཐུགས་སེམས་སྤྲོ་བས་བརྟས། 

རྩེད་འགོ་མ་ཐང་དཀར་རྒོད་རེད།  བྱ་འཕུར་ཚད་ནམ་མཁའི་མཐོངས་རེད།

སྟོད་དབུས་གཙང་བླ་མར་མཇལ་དུས་སུ།  དངུལ་དཀར་བོའི་མཆོད་མེ་རྐོང་གཅིག་དགོས།

དེའི་ནང་ན་འབྲི་མར་སེར་བོ་དགོས།  ཁྱོད་རང་གི་སེམས་ན་དད་པ་དགོས།

ཁུ་བྱུག་བྱ་དང་ངེད་གཉིས་ཀ   ངའི་ཕ་ཡུལ་མོན་དཀར་གླིང་ཡིན།

ང་འབབ་ས་ཙན་དན་ནགས་ཡིན།  ནགས་ཙན་དན་ཁ་རུ་སྐྱིད་སོང་བས། 

མགོ་སིལ་ཏོག་ཁ་ལ་ཞིམ་སོང་བས།  ངས་ཕ་ཡུལ་མོན་དཀར་བརྗེད་སོངཟིག

གོས་གསེར་མ་ནོར་བུ་ཆ་བདུན་ཅན།  གོས་གོང་བ་ཟ་འོག་སྨུག་པོ་རེད།

སྟེང་རི་མོ་བཀྲ་ཤིས་རྟགས་བརྒྱད་རེད།  གོས་འདབ་ཁ་གཡུང་དྲུང་གཡས་འཁྱིལ་རེད།

གོས་འདི་ཚོ་གོན་བཏང་ཕྱིན་ཆད་ལ།   གོས་གཞན་པ་གོན་འདོད་ང་ལ་མེད།  

གསེར་གྱི་ལེར་ཉི་རྩེ་ཤར་དུས།  ལུག་ཚེར་མོའི་ཞེ་སེམས་སྤང་རེད།

སྤང་ཕ་མ་ཉན་ན་ཅི་ཡིན།  སྤང་སེར་ཆེན་ཕ་མའི་ཡན་རེད།

རོགས་འདང་ཆེན་ཞེ་འདང་ཡིད་ལ་ཟུངས།  འདང་ཡིད་ལ་ཟུངས་དང་བརྗེད་མེད་ཡིན།  

                                                 བརྗེད་སོང་དུས་སྐྱེ་བ་གཞུག་མ་ཡིན།

ལག་རྩལ་པས་ཡུལ་དངོས་ནས་སྒྲ་ཕབ་བཞིན་པ།

དཔྱད་འདེམས་པ་དག་གིས་སེམས་ཞིབ་མོས་ལ་གཞས་ལ་གསན་གྱིན་པ།

ལྟད་མོ་བའི་ཚོགས།

                                                                            གསར་འགོད་པ།  ཚེ་མ་རྒྱལ། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།