འབྲུག་ལྷ་རྒྱལ། སྨྱུག་མིང་ལ་འབྲོང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་སྙན་སྒྲོན་པ་དང་མདོ་འཛིན་པ། ལོ་ཙཱ་བ། གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར་བཞིན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྙན་སྒྲོན་པ་དང་། བོད་ཀྱི་མིང་གྲགས་ཆེ་བའི་སྙན་ངག་པ་དང་གླུ་ཚིག་རྩོམ་པ་པོ། གྱེར་འདོན་པ་བཅས་ཡིན།
ཁོས་སྙན་སྒྲོན་བྱས་པའི་བརྩམས་ཆོས་དང་བཅར་འདྲི་བྱས་པའི་བརྩམས་ཆོས། རྩོམ་སྒྲིག་བྱས་པའི་བརྩམས་ཆོས་སོགས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་ནས་གསུམ་པའི་བར་ཐེངས་ཉི་ཤུ་ལྷག་ལ་ཐོབ་མྱོང་ལ། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི“སྙན་སྒྲོན་པ་དང་མདོ་འཛིན་པ་ཕུལ་བྱུང་ཅན་བཅུའི”མཚན་སྙན་ཡང་ཐོབ་མྱོང་། དེར་མ་ཟད་ཁོ་རང་ཆུང་དུས་ནས་རྩོམ་རིག་ལ་དགའ་མོས་ཆེ་བའི་དབང་གིས་ལས་ཞོར་དུ་སྙན་ངག་གཙོས་རྩོམ་རིག་བརྩམས་ཆོས་དུ་མིན་ཞིག་ཞིང་ཆེན་ཕྱི་ནང་གི་རྩོམ་རིགས་དུས་དེབ་སོགས་སུ་སྤེལ་མྱོང་བ་དང་། ལ་ཤོས་ཤིག་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》སོགས་སུའང་བཀོད་མྱོང་བར་མ་ཟད། རྒྱལ་ཡོངས་སྐབས་དང་པོའི“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི”གཟེངས་ཐོན་བྱ་དགའང་རེག་མྱོང་། དེ་མིན《སེམས་ཀྱི་ལོག་ཕེབས།》དང《ང་ཡི་ཁྲི་ཤོར་རྒྱལ་མོ》སོགས་གླུ་ཚིག་མང་པོ་བོད་ཀྱི་གླུ་བ་གླུ་མ་དག་ནས་སྐད་ངག་ལ་གྱེར་ཏེ་བོད་ཁམས་ཡོངས་སུ་ཧ་ཅང་དར་ཁྱབ་ཆེ་བར་འདུག
2016ལོར་ཁོ་རང་ཉིད་ཀྱི་གླུ་ཚིག་བརྩམས་ཆོས་དང་སྙན་ངག་གྱེར་འདོན་དགོང་ཚོགས་ཏེ། 《རུས་རྐང་གི་དབྱངས་རྟ》ཞེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་བསྒྲུབས་ཏེ་བཏང་བས། སྤྱི་ཚོགས་སྟེང་ནས་དགའ་བསུ་ཆེན་པོ་ཐོབ།