རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀྲང་ཀྲིག་ཕིང་གིས་བཤད་རྒྱུར། མཚོ་སྔོན་ནི་འཛམ་གླིང་སྟེང་གི་ནོར་ནག་དང་བོད་ལུག་འཚོ་སའི་གྲངས་འབོར་ཆེས་མང་པའི་ས་ཁུལ་ཡིན་ལ། ཁྱད་ལྡན་ནོར་ལུག་གི་ཤ་ཐོན་སྐྱེད་བྱེད་སའི་རྟེན་གཞི་ཆེ་གྲས་ཀྱང་ཡིན་ཟེར།
ཀྲང་ཀྲིག་ཕིང་གིས་བསམ་ཚུལ་ལྟར་ན། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་ནས་བལྟས་ན། མཚོ་སྔོན་གྱི་འདས་པའི་ལོ་བཅུའི་རིང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་ཅིང་། ས་ཁུལ་མི་འདྲ་བའི་སྐྱེ་ཁམས་ཕྱུགས་ལས་ཀྱི་རིགས་སྣ་མང་ཐོན་སྐྱེད་དང་ཚོང་གཉེར་བྱེད་པར་འཚམ་པའི་ལམ་བུ་མང་པོ་འཚོལ་ཞིབ་བྱས་ཏེ། འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཕྱུགས་ལས་ཐོན་རྫས་གྱི་མཁོ་འདོན་ནུས་པ་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་ནས། ནོར་ལུག་ཐོན་ལས་སྔར་ལས་འཕེལ་བར་རྨང་གཞི་བརྟན་པོ་བཏིང་། ཁྲོམ་རའི་མཐོང་སྣེ་ནས་བལྟས་ན། འདས་པའི་དུས་ཡུན་གང་འཚམ་གྱི་རིང་ལ། རང་རྒྱལ་གྱི་ནོར་ཤ་དང་ལུག་ཤའི་འཛད་སྤྱོད་ཁྱབ་རྒྱ་སྔར་ལས་ཇེ་ཆེར་འགྲོ་རྒྱུ་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན། ཉིས་སྟོང་ཉེར་ལྔ་ལོའི་བར་དུ། རང་རྒྱལ་གྱི་ནོར་ཤ་དང་ལུག་ཤའི་དགོས་མཁོ་ལྡབ་གཅིག་འཕར་ནས་ཏུན་ཁྲི་བྱེ་བ་གཉིས་སུ་སླེབས་རྒྱུ་ཡིན་པས། ཁྲོམ་རའི་ནུས་ཁུངས་རྒྱ་ཆེན་པོ་ལྡན་པར་མ་ཟད། ནོར་ལུག་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྡན་ངེས། ནོར་ལུག་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་རྒྱབ་རྟེན་ཡིན་པར་མ་ཟད། བརྟན་འཇགས་ཀྱི་ཡོང་འབབ་གཙོ་བོ་ཡང་ཡིན། ནོར་ལུག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པའི་བརྒྱུད་ལམ་ཕན་འབྲས་ལྡན་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་དོན་སྨིན་འབྱུང་བའི་བརྒྱུད་ལམ་ལེགས་ཤོས་ཀྱང་ཡིན་ཟེར།