སྤེལ་དུས།2019.03.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
46
0

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚེས་བདུན་ཉིན་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་ཚབ་ཚོགས་པའི་སྐོར་ཞིག་གི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ཏུ། ཐང་ཞའོ་མེན་དང་ཝང་ཐའོ། དབྱང་ཡན། ཝང་ཀང་། ལེང་ཆན་ཅོན། ཧྥུའུ་ཁང་ཉན། ཏུའུ་ཚའེ་ཡུན། ཧྥན་ཕུན་སོགས་འཐུས་མི་བརྒྱད་ཀྱིས་སྔ་གཞུག་ཏུ་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཕན་ནུས་མཐོ་བའི་སྒོ་ནས་ཐོན་ཁུངས་བཀོལ་སྤྱོད་བྱེད་པ། དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་འཕེལ་རྒྱས་དང་གློག་རྡུལ་ཚོང་ལས་ཀྱིས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པ། རིག་གནས་ཚོང་རྟགས་སྟོབས་ལྡན་དུ་བསྒྱུར་བ། དབུལ་ཕོངས་ས་ཁུལ་གྱི་མི་གྲངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཀན་སུའུ་ཡི་ཉེ་བའི་ལོ་གཉིས་རིང་གི་བྱ་བ་ཁས་ལེན་བྱས་པ་དང་། ཀན་སུའུ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་བཀག་འགོག་བྱེད་པ། གཏན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་དྲག་ཏུ་གཏོང་བ། ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། མང་ཚོགས་ཕྱུག་པོ་དང་ཀན་སུའུ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་ནས་2020ལོར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་རག་བར་དུ་ལོ་གཉིས་ཀྱི་དུས་ཚད་མ་གཏོགས་མེད་པ་དང་། བྲེལ་མྱུར་ཆེ་བའི་སྒང་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཁ་མ་བླངས་ན་ལྷོད་གཡེང་བྱེད་མི་རུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྤྱི་ཡོངས་ནས་འགོ་བརྩམས་ཏེ། དབུལ་སྐྱོར་གསར་སྤེལ་བྱ་བ་རྒྱལ་སྐྱོང་སྲིད་འཛིན་གྱི་འབུར་ཐོན་གོ་གནས་སུ་འཇོག་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཡང་བསྐྱར་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཁྲེགས་གཏོར་ཆེན་པོ་གསུམ་གྲས་ཀྱི་གཅིག་ཏུ་བརྩིས། ལོ་འདི་འགའི་རིང་ལ། དབུལ་ཐར་མཁྲེགས་གཏོར་བྱེད་ཤུགས་ཆེ་བ་དང་གཞི་ཁྱོན་རྒྱ་ཆེ་ལ་ཤན་ཤུགས་ཆེན་པོ་ཡོད་པ་མ་ཟད། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས། གྲུབ་འབྲས་འདི་འདྲ་ལེན་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། མིའི་རིགས་ཀྱིས་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་བ་བྲིས། རྗེས་ཕྱོགས་ཀྱི་ལོ་གཉིས་རིང་གི་དབུལ་ཐར་མཁྲེགས་གཏོར་ལས་འགན་ད་དུང་ཧ་ཅང་ལྕི་ལ། ལྷག་འཕྲོ་ཚང་མ་དབུལ་ཕོངས་ནང་གི་དབུལ་ཕོངས་ཡིན་པ་དང་། ཆེས་དཀའ་བའི་གནད་དོན་ཡང་ཡིན། དབུལ་ཕོངས་མཁྲེགས་གཏོར་དེ་གནད་འགག་གི་དུས་སྐབས་སུ་སླེབས་ན། ཡིད་ཆེས་དེ་ལས་ཀྱང་ཇེ་བརྟན་དུ་གཏོང་བ་དང་། ཆོད་སེམས་དེ་ལས་ཀྱང་ཇེ་བརྟན་དུ་གཏོང་བ། བདེན་འཛིན་དངོས་གཉེར་དང་བྱེད་ཐབས་བཟང་བོར་སྤྱད་དེ། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ཚད་གཞི་ནི་དབུལ་ཕོངས་མི་གྲངས་ཀྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གཏན་འཇགས་ངང་མངོན་འགྱུར་བྱེད་པ་དང་། ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས་པ། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་ཐད་ནས་འགན་སྲུང་ཡོད་པ་དེ་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་། དམིགས་འབེན་མི་འགྱུར་བར་ཁག་ཐེག་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་ཕོངས་གནད་དོན་ཐག་གཅོད་པ། དབུལ་ཕོངས་མིན་པའི་རྫོང་དང་སྡེ་བ་ནང་གི་དབུལ་ཕོངས་མི་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཕོངས་རྫོང་ཞྭ་མོ་ཕུད་པའི་ཚད་གཞི་དང་རྒྱུད་རིམ་ལག་བསྟར་ནན་མོ་བྱས་ནས། དབུལ་ཐར་གྲུབ་འབྲས་ཐད་ནས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀོང་ཏུང་འཐུས་ཚབ་ཚོགས་པ་རུ། འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་ན་ནིང་ཀོང་ཏུང་གིས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཀོང་ཏུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འོས་འཚམ་གྱི་བར་སྟོང་དུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཐད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། བཅོས་བསྒྱུར་སྒོ་འབྱེད་བརྒྱུད་དེ་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། ཚོང་རའི་གསོན་ཤུགས་ཆེར་སྐྱེད་པ། ཞང་ཀང་དང་ཨོ་མིན་དང་མཉམ་དུ་ཀོང་ཏུང་དང་ཞང་ཀང་། ཨོ་མིན་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ། སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུང་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པས།  སྔར་ལས་རང་རྟོགས་སྒོས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས། ཧྲན་ཏུང་གིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་སུ་བྱེད་པའི་སྤུད་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་གཉིས་སྦྲེལ་མཐུད་བྱེད་པ། ཧྲན་ཏུང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྔོན་གྲས་སུ་བསྐྱོད་པ་དང་ཁྱོན་ཡོངས་ནས་གསར་གཏོད་བྱེད་པའི་རེ་བ་མངོན་འགྱུར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་བདུན་ཉིན་སོ་སོར་ཐའེ་ཝན་འཐུས་ཚབ་ཚོགས་པ་དང་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཐའེ་ཝན་འཐུས་ཚབ་ཚོགས་པ་རུ། ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐའེ་ཝན་སྤུན་ཟླར་ཕུལ་བའི་ཡི་གེ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་འགག་འགྲམ་གཉིས་གཅིག་གྱུར་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་གི་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཐའེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཆ་སྡེབས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་ཀྱི་བྱེད་ཐབས་སོ་གཅིག་སོགས་ཐའེ་ཝན་ལ་ཕན་འདོགས་པའི་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཡུན་ནན་འཐུས་ཚབ་ཚོགས་པ་རུ། ཁོང་གིས་ཡུན་ནན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཡུན་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཐེན་ཅིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲའོ་ལི་ཅི་ཡིས་ཐེན་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རང་བདག་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དེང་རབས་ཅན་ལྔ་ཡི་ཐེན་ཅིན་མྱུར་དུ་འཛུགས་སྐྲུན་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་དགོས། ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱས་ཏེ། མཉམ་དུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པར་བྱེད་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།