ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་སོགས་ཞིང་ཆེན་གྱི་འགོ་ཁྲིད་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མི་རྣམས་ལ་འཚམས་འདྲི་བྱས།
འཐུས་ཚབ་ཚོགས་པ་རེ་རེར་ཐོན་དུས། ཝང་ཅན་ཅུན་དང་ལིག་ཉིང་། ཀྲང་ཀོང་རུང་བཅས་ཀྱིས་འཐུས་མི་རྣམས་དང་རེ་རེ་བཞིན་ལག་འཇུ་བྱས་ནས་འཚམས་འདྲི་བྱས་པར་མ་ཟད། ཚང་མས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཁོ་ཚོས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ནི། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཐད་ཀྱི་ལས་དོན་སྣ་ཚོགས་ཀྱི་རྣམ་པ་གསར་བ་བསྐྲུན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།
ཝང་ཅན་ཅུན་དང་ལིག་ཉིང་། ཀྲང་ཀོང་རུང་གསུམ་གྱིས་བཤད་རྒྱུར། འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་འཁུར་ཡོད་པ་དང་། འགན་འཁྲི་ཧ་ཅང་ལྕི་ལ་དང་གཟི་བརྗིད་ལྡན་པས། ཚང་མས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་བརྟན་པོས་འཐུས་མིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་འདོད་བློ་མཚོན་པར་བྱེད་པ། བློ་འདོན་ཇུས་འབུལ་བྱེད་པ། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
འཐུས་མི་ཚོས་མཐའ་གཅིག་ཏུ། མི་དམངས་ལ་འགན་ཁུར་བའི་སྙིང་སྟོབས་ཀྱིས་ཚོགས་ཆེན་བཟང་བོར་བསྡུ་བ་དང་། ཚོགས་ཆེན་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་མ་ཟད། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བའི་ཚུལ་བསྟན།
ཡུས་ཚོང་ལི་དང་མཱ་ཝེ། ཝུའུ་ཧེ་ཁུན། ལིག་ཐུང་ཏི་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།