སྤེལ་དུས།2019.01.28 ཡོང་ཁུངས།
178
0

ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།


ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་གཅིག་དངོས་སུ་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འགོ་བརྩམས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རུང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཁ་སང་སྔ་དྲོའི་ཚོགས་ཆེན་ལ་གྲོས་རིམ་གསུམ་ཡོད་དེ། གཅིག་ནི་ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་པ། གཉིས་ནི། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་བྱེད་པ། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་བྱེད་པ་བཅས་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས། ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་བསྡོམས་པས་ཁག་གསུམ་ཡོད་དེ། གཅིག ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྤྱི་སྡོམ། གཉིས། ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོ། གསུམ། སྲིད་གཞུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་རེད།

ལིག་ཉིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། འཕེལ་རྒྱས་ཀྱི་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་ཞིང་། ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་ཇེ་མང་དུ་སོང་ལ། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་བསྟུད་མར་ཇེ་ཆེར་སོང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། གཏན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ལྷོད་མེད་བྱས་ལ། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་བསྟར་བྱས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ལེགས་འགྲུབ་ཅུང་བཟང་པོ་བྱས་པ་དང་། སྐབས་གསར་པའི་སྲིད་གཞུང་གིས་འགན་ཁུར་བའི་འགོ་བཟང་པོ་ཞིག་བརྩམས་ཡོད།

ཉིས་སྟོང་བཅོ་བརྒྱད་ལོར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིར་བཏང་གིས་བརྟན་བརླིང་ཡིན་ལ། བརྟན་བརླིང་ཁྲོད་ནས་གོང་འཕེལ་དུ་སོང་སྟེ། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བརྒྱད་ཐེར་འབུམ་དྲུག་དུང་ཕྱུར་ལྔ་མངོན་འགྱུར་བྱས་ནས། བརྒྱ་ཆའི་བདུན་ལྷག་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་བརྒྱ་ཆའི་བདུན་ལྷག་འཕར་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་འབྱུང་ཚད་བརྒྱ་ཆའི་བརྒྱད་ལྷག་འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བྱས་ཚད་བརྒྱ་ཆའི་དྲུག་ལྷག་འཕར་ཞིང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་ཐུན་ནོར་སྲིད་སྔོན་རྩིས་ཡོང་སྒོ་བརྒྱ་ཆའི་བཅུ་ལྷག་འཕར་བ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོད་སྒྲིག་བྱས་ཆོག་པའི་ཡོང་སྒོ་བརྒྱ་དགུ་ལྷག་འཕར། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་སོ་སོར་སྒོར་ཁྲི་གསུམ་དང་ཁྲི་གཅིག་གི་འགག་སྒོ་ལས་བརྒལ་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཉིས་ལྷག་ཏུ་ཚོད་འཛིན་བྱས་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཚང་མ་སྔོན་དཔག་གི་ཚད་དུ་བསླེབས་ཤིང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བསྟུད་མར་ཇེ་མཐོར་སོང་ཟེར།

ལིག་ཉིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ཚེ། གྲུབ་འབྲས་དེ་དག་བླངས་པ་ནི་ལས་སླ་བ་ཞིག་མ་རེད། ང་ཚོས་གཙོ་བོ་གཤམ་གྱི་བྱ་བ་དག་བསྒྲུབ་ཡོད་དེ། གཅིག བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས་སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱས་ཡོད། གཉིས། རྩ་ལག་མཉམ་བཅོས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་ཡོད། གསུམ། གནད་ཕིགས་ཤུགས་འདོན་གྱིས་མཁྲེགས་གཏོར་འཐབ་འཛིང་ཆེན་མོ་གསུམ་གྱི་འགོ་བཟང་པོར་བརྩམས་ཡོད། བཞི། གཞི་རྩ་ཆེར་བསྐྱེད་ཀྱིས་རྨང་གཞིའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཡོད། ལྔ། གསར་འཛུགས་ངན་འདོར་གྱིས་འཕེལ་རྒྱས་ཀྱི་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱས་ཡོད། དྲུག མས་སྐྱོར་ཚད་འདེགས་སྒོས་དམངས་ཚིས་ཀྱི་བདེ་སྐྱིད་བརྟན་བརླིང་གིས་མཐོར་འདེགས་བྱས་ཡོད། ན་ནིང་གི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ལག་ལེན་ལས་བཅོས་སྒྱུར་སྒོ་འབྱེད་ནི་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་ཐབས་ལམ་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན་ལ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནུས་ལྡན་གྱིས་ཐག་གཅོད་པའི་གནད་འགག་གི་ཐབས་ཤེས་ཡིན་པ་ར་སྤྲོད་ལེགས་པོ་བྱས་ཡོད་པས། ང་ཚོས་ངེས་པར་དུ་ཡང་བསྐྱར་གྲ་སྒྲིག་གང་ལེགས་བྱས་ཏེ། དུས་རབས་གསར་པའི་བཅོས་སྒྱུར་འབྱེད་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བཟང་པོར་སྐྱོད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། དུས་ཡུན་རིང་པོར་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་ཆོས་ཉིད་དང་མཐུན་པའི་རྒྱུན་སྲིང་འཕེལ་རྒྱས་དང་། དཔལ་འབྱོར་ཆོས་ཉིད་དང་མཐུན་པའི་སྤུས་ལེགས་འཕེལ་རྒྱས། སྤྱི་ཚོགས་ཆོས་ཉིད་དང་མཐུན་པའི་འཆམ་མཐུན་དྲང་བདེན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་ལྷོད་མེད་བྱས་ནས། བབ་བསྟུན་ཐབས་སྤྱོད་དང་བབ་བསྟུན་དོན་སྒྲུབ་ཀྱིས་སྐྱེ་ཁམས་སྔོན་འགྲོར་བརྩི་བའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། ལྗང་མདོག་ཐོན་ལས་གོང་སྤེལ་ཆེན་པོ་བྱས་པས། ལྗང་མདོག་ནུས་ཁུངས་དང་ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་བཅས་སྒྲོམ་གཞི་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཕལ་ཆེར་ཡོད་ལ། དཔལ་འབྱོར་འཕར་སྣོན་དེ་ཐོན་སྐྱེད་རྒྱུ་རྐྱེན་གྱིས་སྐུལ་ཁྲིད་བྱེད་པ་ནས་རྒྱུ་རྐྱེན་དང་ཕན་འབྲས་ཀྱིས་མཉམ་དུ་སྐུལ་ཁྲིད་བྱེད་པ་དང་། ཕན་འབྲས་དང་གསར་གཏོད་ཀྱིས་མཉམ་དུ་ནུས་ཤུགས་འདོན་པའི་ཕྱོགས་སུ་ཐོག་མར་བསྒྱུར་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། དེར་མཐུད་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་འབྱེད་པར་དངོས་པོའི་རྨང་གཞི་བརྟན་པོ་བཏིངས་པ་དང་། ལྗང་མདོག་གི་ནང་དོན་ཟབ་མོ་བསྣན་ཡོད། ང་ཚོས་ལོ་རྒྱུས་ཀྱི་བཟོད་སེམས་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ། ཆུ་དྭངས་རི་ལྔ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་མཉམ་འཛུགས་མཉམ་སྲུང་མཉམ་བཅོས་བྱེད་ཚད་བསྟུད་མར་ཇེ་དྲག་ཏུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་རྒྱུད་ཆད་མེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པའི་ཚད་རིམ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་ལེན་དུ་བསྟར་མཁན་བྱ་རྒྱུ་ཡིན་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཐད་ཀྱི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་ལ་བརྟེན་ནས་བྱུང་བ་ཡིན་ལ། ཞིང་ཆེན་ཏང་ཨུས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ་ཡིན་ཞིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་བྱས་པ་ལས་བྱུང་བ་ཡིན་ལ། རྒྱལ་ཁབ་ཀྱི་པུའུ་ཨུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱིས་ལྷག་བསམ་རྣམ་དག་གིས་རོགས་རམ་དང་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཡིན་ཞིང་། བསོད་ནམས་དར་རྒྱས་དང་སྐལ་བཟང་སོགས་དུས་རབས་ཀྱི་མིག་དཔེ་མི་སྣ་སྐོར་ཞིག་གི་དགོངས་པ་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན།

མཚོ་སྔོན་སྔར་བཞིན་དུ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་ཅུང་དམའ་བའི་རིམ་པར་གནས་ཡོད་པས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པར་ད་དུང་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་གནས་ཡོད། ང་ཚོས་ངེས་པར་དུ་སྲ་བརྟན་དང་། ཤུགས་སྣོན། མཐོར་འདེགས། གེགས་མེད་བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཏོར་འཛུགས་གཅོག་གསུམ་གྱི་མཉམ་སྡེབ་བྱེད་ཐབས་བཟང་པོར་སྤྱོད་པར་གཙིགས་འཛིན་བྱས་ཏེ། རིགས་སྣ་ཚོགས་ཀྱི་ཚོང་གཉེར་མ་རྩ་ཧུར་ཐག་གིས་ཇེ་དམའ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཁུར་པོ་ནུས་ལྡན་གྱིས་ཇེ་ཡང་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་ཞན་ཆ་གསབ་པའི་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། འདོར་གསུམ་དང་གཅོག་གཅིག་གསབ་གཅིག་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ལ། འདྲ་མཉམ་སྒོ་འབྱེད་མངོན་གསལ་གྱི་ཁྲོམ་རའི་སྒྲིག་ལམ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་པར་གཙིགས་འཛིན་བྱེད་པ་དང་། རིགས་སོ་སོའི་རྒྱུ་རྐྱེན་གྱི་འཁོར་སྐྱོད་བཀག་རྒྱ་ལེགས་པར་གཏོར་ནས། ཕྲ་མཐོང་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ལག་རྩལ་གསར་གཏོད་དང་གཞི་ཁྱོན་ཕན་ནུས་བཀོལ་སྤྱོད་བྱེད་པར་གཙིགས་འཛིན་བྱེད་པ་དང་། ལྗང་མདོག་སྐྱེ་ཁམས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཐོན་ལས་ཚོགས་པ་གསར་པ་སྐྱེད་སྲིང་དང་གོང་སྤེལ་བཅས་བྱས་ཏེ། ཐོན་ལས་མུ་ཁྱུད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། ཁུལ་ཁོངས་ཀྱི་མཉམ་འབྲེལ་མཉམ་འདྲེས་ལ་གཙིགས་འཛིན་བྱེད་པ་དང་། ཐོན་སྐྱེད་དང་འཁོར་རྒྱུག བགོ་བཤའ། འཛད་སྤྱོད་བཅས་གེགས་མེད་དུ་གཏོང་བ། དངུལ་རྩ་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་ནུས་པ་དངོས་སུ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཁྲོམ་ར་དང་ཁེ་ལས་དང་། ཐོན་ལས་དང་ལས་ཞུགས། དངུལ་རྩ་དང་དངོས་ཕུང་བཅས་ཀྱི་འཁོར་སྐྱོད་བཟང་པོ་ཞིག་གྲུབ་པར་བྱེད་དགོས། ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ནི་སྤྱིའི་བླང་བྱ་ཡིན་ལ། ཡུན་རིང་བརྟན་བརླིང་གིས་སྐྱོད་པའི་ཐབས་མཆོག་ཡིན་པས། ང་ཚོས་ལག་ལེན་གྱི་ཁྲོད་ནས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཀྱི་ནང་གནང་གཏན་ཚིགས་ལ་གོ་བ་ཡང་དག་པ་བླངས་ཤིང་། ཇི་མ་ཇི་བཞིན་དུ་ཡུལ་བབ་དང་བསྟུན་ནས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལག་ལེན་བྱེད་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་གདོང་གིས་བསུས་ཏེ། དཀའ་སྤྱད་འབད་འཐབ་དང་གསར་སྤེལ་གསར་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཆོང་འཕར་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ་བཅས་ཀྱི་བཀོད་སྒྲིག་ལྟར། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས། ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་བྱེད་པ་རྒྱུན་འཁྱོངས། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་བསྟར། འཕར་སྣོན་གཏན་འཇགས་སུ་གཏོང་བ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ། གཏན་འཇགས་ལ་ཁག་ཐེག་བྱེད་པ་བཅས་ཀྱི་བྱ་བ་གཅིག་གྱུར་གྱིས་སྤེལ་བ། ལས་ཞུགས་དང་དངུལ་རྩ། ཕྱི་འཚོང་། དངུལ་གཏོང་། སྔོན་དཔག་བཅས་སྔར་ལས་གཏན་འཇགས་སུ་གཏོང་བ། མཁྲེགས་གཏོར་འཐབ་འཛིང་ཆེན་མོ་གསུམ་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། མི་དམངས་ཀྱི་འཚོ་བ་བསྟུད་མར་ལེགས་བབཅོས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་རྒྱུ་དེ་ཡིན་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བ་བཟང་པོར་བསྒྲུབ་དགོས་ན། ང་ཚོས་གཤམ་གྱི་གནད་འགའ་དམ་དུ་འཛིན་དགོས་ཏེ། གཅིག དཔལ་འབྱོར་ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་གྱི་དུས་སྐབས་ཕྱོགས་ཡོངས་ནས་བཟང་པོར་བཀོལ་ཞིང་། ངེས་པར་དུ་ལྔའི་ཆོས་ཉིད་རང་བཞིན་ཐད་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། བྱ་བའི་རྒྱང་ལྟ་རང་བཞིན་དང་སྔོན་དཔག་རང་བཞིན། རང་འགུལ་རང་བཞིན་བཅས་དངོས་སུ་ཇེ་དྲག་ཏུ་གཏོང་དགོས། གཉིས། གཏན་འཇགས་ཀྱི་བླང་བྱ་དམ་དུ་འཛིན་པ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་མཐུན་སྦྱོར་དང་རིགས་དབྱེ་ཇུས་བསྟར་སྒོས་དཔལ་འབྱོར་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་ཆེན་པོར་འོས་འཚམ་གྱིས་ཁ་གཏད་འཇལ་ནས། ལས་ཞུགས་དང་ཁེ་ལས། སྐྱེ་ཁམས། དམངས་ཚིས་བཅས་སྲུང་བའི་བྱ་བ་འབུར་དུ་ཐོན་པར་དམ་འཛིན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་འོས་འཚམ་གྱི་བར་སྟོང་དུ་སྲུང་འཛིན་བྱེད་དགོས། གསུམ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཅན་དུ་སྒྱུར་བ་བརྒལ་གཏོར་བྱེད་སར་བརྩི་བ་དང་། ཐོན་ཁུངས་གྲོན་ཆུང་ཞིབ་གཉེར་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་པ་འགོ་རྩོམ་སར་བརྩི་བ། དེང་རབས་དཔལ་ཡོན་གྱི་བླང་བྱ་དང་མཐུན་པའི་ཐོན་སྐྱེད་བྱེད་སྟངས་དང་སྐྱེ་ཁམས་རིག་གནས། འཚོ་བའི་གོམས་སྲོལ་བཅས་སྐྱེད་སྲིང་བྱེད་པ་ཤུགས་སྣོན་སར་བརྩི་བ་བཅས་བྱས་ནས། ཐོན་ལས་ཀྱི་སྒྲིག་གཞི་དང་བར་སྟོང་གི་སྒྲིག་གཞི། ནུས་ཁུངས་ཀྱི་སྒྲིག་གཞི། འཛད་སྤྱོད་ཀྱི་སྒྲིག་གཞི་བཅས་མྱུར་དུ་བསྒྱུར་དགོས། བཞི། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་དང་ཁྲིམས་སྐྱོང་གི་ཐབས་ལམ་བཀོལ་ཞིང་། མངོན་གསལ་ནུས་མཐོའི་སྲིད་དོན་ཁོར་ཡུག་དང་། སྒོ་འབྱེད་སྟབས་བདེའི་དངུལ་གཏོང་ཁོར་ཡུག གསོན་ཤུགས་ཀྱིས་ཁེངས་པའི་ལས་སྐྲུན་ཁོར་ཡུག འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོར་ཁོར་ཡུག་བཅས་ཧུར་ཐག་གིས་བསྐྲུན་ནས། མཚོ་སྔོན་ནས་དངུལ་གཏོང་ལས་སྤེལ་བྱེད་པའི་འགུལ་ཤུགས་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལྔ། མི་དམངས་ཀྱི་ཁེ་ཕན་བླ་མེད་དུ་འཛིན་པ་དང་། དུས་རྟག་ཏུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ། མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་དངོས་སུ་ཐག་གཅོད་པ་བཅས་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། དྲུག ནུས་པ་དང་ཆུ་ཚད་མཐོར་འདེགས་ཀྱིས་སྔར་ལས་བསམ་བློ་བཅིངས་འགྲོལ་དང་གསར་སྤེལ་གསར་གཏོད་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། ཉེན་ཁ་ལ་ཁ་གཏད་འཇལ་བའི་ཁྲོད་ནས་ཧུར་ཐག་གིས་མདུན་སྐྱོད་དང་། གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་ནས་བབ་བསྟུན་མདུན་སྐྱོད། དཀའ་ངལ་མཁྲེགས་གཏོར་ཀྱི་ཁྲོད་ནས་མུ་མཐུད་འཚོལ་སྙེག་བཅས་བྱས་ནས། གཏན་ཁེལ་བྱས་ཟིན་པའི་དམིགས་འབེན་དག་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས།

ད་ལོར། གཙོ་བོ་གཤམ་གྱི་ཕྱོགས་དགུའི་བྱ་བ་གཙོ་བོར་བཟུང་ནས་བཟང་པོར་བསྒྲུབ་དགོས་ཏེ། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་སྟོབས་ཤུགས་ཡོད་རྒུས་བཟང་པོར་སྤེལ་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ། ནུས་ལྡན་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་པ། ཞང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་བར་སྟོང་རྒྱ་བསྐྱེད་པ། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བ་བཅས་ཡིན་ཟེར།

ལིག་ཉིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ད་ལོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ན། གོམ་པ་རེ་རེ་བཞིན་དུ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས་པ་དང་། ང་ཚོས་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ། དཀའ་ངལ་ཁྱད་བསལ། ཤེས་རྒྱ་ཆེར་བསྐྱེད་བཅས་ཀྱི་ནས་བྱང་ཚད་མཐོ་བའི་སྤྱི་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྲིད་གཞུང་གི་སྲིད་འཛིན་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་སེམས་བདེ་བ་དང་། མི་དམངས་མང་ཚོགས་ཡིད་ཚིམས་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་བསྐྲུན་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྣེ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་རོལ་བ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་བ། སྲིད་གཞུང་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་དང་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཏུ། དམིགས་འབེན་དམ་འཛིན་གྱིས་བྱ་བ་བསྒྲུབ་པ་དང་། ཕུ་ཐུང་ཡར་ལ་བརྫེས་ཏེ་འབད་བརྩོན་བྱས་ནས། རླངས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བསྡད་ཡོད་པའི་འགོ་ཁྲིད་ལ་ད་དུང་། རྡོ་རྗེ་རབ་བརྟན་དང་པད་མ། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ། ཁོང་ཡུང་། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ངག་དབང་བསོད་ནམས། ཧོང་ཁྲའོ་ཧོས། ཁྲིན་མེན་གོ། མིན་ཡུང་ཧྲན། ལིས་ཙེ་ཡོན་སོགས་ཡོད།

བློ་མཐུན་རྒན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིང་། དབང་མོ་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་ཡོངས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།