ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་ཚོས་མུ་མཐུད་དུ་ཚན་ཆང་བགོས་ནས་གྲོས་སྡུར་བྱས་པ་དང་། ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ། 2019ལོའི་འཆར་འགོད་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ། 2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་དམིགས་ནས་གྲོས་སྡུར་བྱས་པ་དང་། མཉམ་དུ་འཕེལ་རྒྱས་འཆར་གཞི་ལ་འཆར་འགོད་བྱས་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་གླེང་ལ། ཚོགས་རའི་སྣང་ཚུལ་ཧ་ཅང་བཟང་།
ཚན་ཆུང་སོ་སོའི་གྲོས་སྡུར་ཡུལ་དངོས་སུ། ཨུ་ཡོན་ཚོས་སྙན་ཞུ་གཞིར་བཟུང་ནས་གྲུབ་འབྲས་དང་མྱོང་ཚོར་གླེང་བ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གྲོས་གཞི་བཏོན་པ་དང་ཇུས་འབུལ་བྱས། ཨུ་ཡོན་ཚོས་མཐའ་གཅིག་ཏུ། འདས་ཟིན་པའི་ལོ་གཅིག་ནང་། ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ལ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་ནས། རྨང་གཞི་འདིང་བ་དང་ཞན་ཆ་ཁ་གསབ་བྱེད་པ། ཡུན་རིང་བོར་ཕན་པའི་དོན་ཆེན་སྐོར་ཞིག་བསྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་མངོན་གསལ་སྒོས་ཇེ་མཐོར་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་འོག མཚོ་སྔོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བའི་མྱུར་བགྲོད་ལམ་བུ་རུ་ཞུགས་ཟེར།
གྲོས་སྡུར་བྱེད་སྐབས། ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོན་པོ་བྱས། ཚང་མས་མཐའ་གཅིག་ཏུ། སྙན་ཞུའི་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། དངོས་གཉེར་བདེན་བཤད་ཀྱིས་གྲུབ་འབྲས་གླེང་། ཁ་ཕྱོགས་གསལ་བོའི་སྒོ་ནས་མ་འོངས་ལ་འཆར་འགོད་བྱས་པ་དང་། གཙོ་གནད་འབུར་ཐོན་བྱས་ནས་ལག་བསྟར་གླེང་། སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ཁྱབ་པར་བྱས་ཡོད་ལ། དེ་ནི་བསམ་ཕྱོགས་བརྟན་ཞིང་དམིགས་འབེན་གསལ་བ། མི་སེམས་འགུལ་བར་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད་ཟེར།
ཨུ་ཡོན་ཚོས་ལང་ལོང་གིས་བཤད་རྒྱུར། སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས། ལོ་གསར་བའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་གཙོ་བོར་དམིགས་ནས་འགན་ནུས་བསྒྲུབ་པ་དང་འགན་འཁྲི་ལག་བསྟར་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ནང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལག་བསྟར་བཟང་བོ་བྱེད་པ། རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་འགོ་ཚུགས་ས་གསར་བའི་སྟེང་མཆོང་འཕར་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་སྡུར་ཁྲོད། ཨུ་ཡོན་ཚོས་སྙན་ཞུ་དམིགས་པ་དང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། སོ་སོར་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བསྒྱུར། ཞིང་སྡེ་དར་སྤེལ་སོགས་ཕྱོགས་ནས་བསམ་འཆར་བཏོན།