ཟླ་དང་པོའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཚང་མས་མཐའ་གཅིག་ཏུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡི་ནང་དོན་ཕུན་སུམ་ཚོགས་ཤིང་གཙོ་གནད་འབུར་ཐོན་ཡིན་ལ། གྲུབ་འབྲས་སྤྱི་སྡོམ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་དང་ཆ་ཚང་བ་དང་། བྱ་བའི་བཀོད་སྒྲིག་གི་བསམ་ཕྱོགས་གསལ་བོ་ཡིན་ཞིང་བྱེད་ཐབས་ཤུགས་དང་ལྡན་པས། འཐུས་མི་ཚོ་སྙན་ཞུ་དེར་འཐད་པ་བྱུང་ཡོད་ཟེར།
གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས། 2018ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐབས་གསར་བའི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་འགོ་བཟང་བོ་བརྩམས་ཟེར།
འཐུས་མི་ཚོས་གྲོས་ཞིབ་བྱེད་སྐབས་བསྟན་དོན། སྲིད་གཞུང་གིས་ཇུས་ཆོད་གལ་ཆེན་མ་བཏོན་སྔོན་ལ་ཁྲིམས་ལྟར་དམངས་འཐུས་ཚོགས་ཆེན་ལ་སྙན་ཞུ་འབུལ་བར་སྐུལ་འདེད་གཏོང་བ་དང་། དུས་ལྟར་ཏང་ཨུའི་ཇུས་ཆོད་དང་འདོད་བློ་དེ་ས་གནས་ཀྱི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་ཆོད་དོན་ལ་བསྒྱུར་བ། བཅོས་བསྒྱུར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཕྱོགས་ཀྱི་གྲོས་ཆོད་གཏན་ཁེལ་གྱི་ལག་བསྟར་གནས་ཚུལ་ཐད་ནས་རང་འགུལ་གྱིས་རྗེས་འདེད་ལྟ་སྐུལ་བྱེད་དགོས། དེ་དང་མཉམ་དུ། དམངས་ཚིས་ཁྱབ་ཁོངས་ཀྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་། སྲིད་གཞུང་གིས་དམངས་ཚིས་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ཡར་ཞུ་བྱས་པའི་དཀའ་གནད་དང་གནད་དོན་ཐད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་ད་ང། སྤྱི་ཚོགས་བཅོས་སྐྱོང་ལ་གསར་གཏོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཞུ་གཏུག་བྱེད་པའི་ལམ་བུ་རྒྱ་སྐྱེད་དེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
འཐུས་མི་ཚོས། མུ་མཐུད་དུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་བརྗེ་རེས་བྱེད་པ་དང་། ཕྱི་ཕྱོགས་བར་གྱི་སློབ་སྦྱོང་བརྗེ་རེས་དང་འགྲོ་འོང་ལ་མཐོང་ཆེན་བྱེད་པ། གཞི་རིམ་གྱི་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་གི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གསོ་སྦྱོང་འཛིན་གྲྭ་བཟང་བོར་བསྒྲུབ་པ། ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོ་དང་གཞི་རིམ་དམངས་ཆེན་གྱི་བྱ་བའི་ལྟ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ་བ། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སྤྱི་སྡོམ་བྱེད་པ་དང་དྲིལ་སྒྲོག་བྱས་ཏེ། གཞི་རིམ་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ནན་ཏན་སྒོས་སྤེལ་རྒྱུའི་རེ་བ་བཏོན།