ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྲ་བརྟན་དང་ཤུགས་སྣོན། མཐོར་འདེགས། གེགས་མེད་ཀྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གསར་སྤེལ་གསར་སྐྲུན་བྱེད་པ། ཉེན་ཁ་ལ་ཁ་གཏད་འཇལ་བའི་ཁྲོད་དཀའ་སྤྱད་འབད་འཐབ་བྱེད་པ་དང་། གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་བབ་བསྟུན་མདུན་སྐྱོད་བྱེད་པ། དཀའ་ངལ་ཁྱད་སེལ་བྱེད་པའི་ཁྲོད་ཕུགས་འདུན་སྙེག་ནས། ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།
ཟི་ལིང་འཐུས་ཚབ་ཚོགས་པ་རུ། ཚང་མས་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་དང་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། གྲངས་ཀའི་དཔལ་འབྱོར་དང་གྲོང་ཁྱེར་གྱི་འཆར་འགོད་སོགས་ཁྱབ་ཁོངས་མང་པོའི་སྐོར་གྱི་གཏམ་བཤད་ལ་ཉན་རྗེས། ལིག་ཉིང་གིས་བཤད་རྒྱུར། ཟི་ལིང་གི་འཕེལ་རྒྱས་ནི་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འདྲ་གཟུགས་ཡིན་ལ། ཟི་ལིང་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་བ་དང་། དེའི་ཐད་ནས་སྤྱིར་བཏང་གི་བྱ་བའི་ལས་གནས་སྟེང་མཛེས་སྡུག་གི་འཚོ་བ་སྐྲུན་བཞིན་པའི་ཕུགས་འདུན་སྙེག་མཁན་ཚོར་བཀའ་དྲིན་ཞུ་དགོས་ལ། ཚང་མས་འབད་འཐབ་ལྷོད་མེད་དང་སྟོབས་ཤུགས་ཡོད་རྒུ་བཏོན་པ་བརྒྱུད་དེ། དེ་རིང་གི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱས་ཟེར།
ལིག་ཉིང་གིས་བསྟན་དོན། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད་མཚོ་སྔོན་གྱི་ལག་བསྟར་ཇུས་གཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཟི་ལིང་ཆེན་མོའི་འཛུགས་སྐྲུན་མྱུར་དུ་སྤེལ་བ། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱས་ནས། གྲོང་ཁྱེར་གཅིག་གི་་ཕན་འབྲས་དང་སྤྱི་ཁོག་གི་དགེ་མཚན་གྲུབ་པར་བྱེད་དགོས། དངོས་ཕུང་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར། རྫོང་ཁོངས་དཔལ་འབྱོར། ར་བའི་ཁུལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཁྱེད་ཚོས་བཏོན་པའི་ཆབ་སྲིད་ཀྱི་གནས་ནུས་དང་བསམ་བློའི་སྒུལ་ནུས། འཕེལ་རྒྱས་ཀྱི་སྦས་ཤུགས། བཅོས་སྐྱོང་གི་ཕན་ནུས་འདོན་སྤེལ་བཟང་བོ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་བྱེད་པ་དང་། དཀའ་ངལ་ཁྱད་སེལ་དང་མདུན་གྲས་སུ་བསྐྱོད་དགོས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཐད་ཀྱི་སྔོན་སྐྱོད་པ་བྱས་ནས། སྤུས་ཚད་བཅོས་སྒྱུར་དང་ལས་ཆོད་བཅོས་སྒྱུར། སྒུལ་ཤུགས་བཅོས་སྒྱུར་སྤེལ་དགོས། རབ་མཛེས་མཚོ་སྔོན་གྱི་འཛུགས་སྐྲུན་མཁན་བྱེད་པ་དང་། རིག་སྟོབས་ཀྱི་ཟི་ལིང་དང་བདེ་སྐྱིད་ཀྱི་ཟི་ལིང་མྱུར་དུ་འཛུགས་སྐྲུན་བྱས་ཏེ། མི་སྔར་ལས་མང་པོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་དུ་འཇོག་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།
མཚོ་ནུབ་འཐུས་ཚབ་ཚོགས་པ་རུ། ལིག་ཉིང་གིས་བཤད་རྒྱུར། མཚོ་ཤར་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཀྱི་ཁུལ་ཆེན་པོ་ཡིན་པ་དང་། ས་ཁོངས་ཡངས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། མིག་སྔར། ཕྱི་ཕྱོགས་ཀྱི་ཁོར་ཡུག་རྙོག་འཛིང་ཡིན་ཞིང་ཛ་དྲག་ཆེ་ལ། ཉེན་ཁ་དང་འགྲན་རྩོད་མང་པོ་ལྡན་པ་དང་། གོ་སྐབས་དང་ཡིད་ཆེས་ཤོར་དུ་འཇུག་མི་རུང་། འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་ལྟ་སྟངས་བཟང་བོ་འཛིན་པ་དང་། ཚད་མཐའ་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཚོད་འགོག་ནུས་པ་ཇེ་མཐོར་བཏང་སྟེ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་དགོས། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་གི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ། སྲོལ་རྒྱུན་ཐོན་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་རིམ་སྤོར་མཐོར་འདེགས་མངོན་འགྱུར་བྱེད་དགོས། ནུས་ཁུངས་གསར་བའི་རྩད་ཞིབ་དང་ཞིབ་འཇུག བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབ་པ་དང་། དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་དགེ་མཚན་གསར་བ་གྲུབ་པར་བྱེད་པ། བཟོ་ལས་ར་བའི་ཁུལ་ལ་རྒྱབ་རྟེན་ནས་འཕུར་སའི་དཔལ་འབྱོར་གྱི་འཕེལ་རྒྱས་མ་དཔེ་གསར་བར་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ། མེས་རྒྱལ་གྱི་ནོར་གཞོང་སྟེ་ཚྭ་འདམ་གཞོང་གིས་སྦས་ཤུགས་སྔར་ལས་ཆེན་པོ་ཕྱིར་འདོན་ཐུབ་པར་བྱེད་དགོས་ཟེར།