བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ་བཅས་སོ་སོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས། སྙན་ཞུ་སྣ་ཚོགས་ལ་དམིགས་ཏེ་ཨུ་ཡོན་རྣམས་དང་མཉམ་དུ་གྲོས་སྡུར་བྱས།
ཚང་མས་བལྟས་ན། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དངོས་འབེབས། ཞིང་ཆེན་གྱི་གནས་ཚུལ་ལ་ཟུང་སྦྲེལ་བཅས་བྱས་ཡོད་པ་དང་། ལངས་གནས་མཐོ་ཞིང་དང་ཇུས་འགོད་ཟབ་ལ། བསམ་ཕྱོགས་གསར་ཞིང་བྱེད་ཐབས་དོན་དངོས་ཡིན་པས། དུས་རབས་ཀྱི་རེ་བར་བསྟུན་པ་དང་། ཁོར་ཡུག་གི་ཆོས་ཉིད་ལ་བརྩི་འཇོག་བྱས་པ། མང་ཚོགས་ཀྱི་འདོད་བློར་བསྟུན་པ། ཞིང་ཆེན་གྱི་དོན་དངོས་དང་མཐུན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ལ། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དོན་དག་སྒྲུབ་པའི་བརྩོན་སེམས་དང་། མང་ཚོགས་བསམ་པའི་བརྩེ་སེམས། སྲིད་དབང་འཛིན་པའི་ཁག་ཁུར། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པའི་སྤོབས་སེམས་དང་ཆོད་སེམས་བཅས་མཚོན་ཡོད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་འདས་པའི་ལོ་གཅིག་གི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅོས་སྒྱུར་གྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས། དངོས་གཉེར་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་སོགས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ་བླངས་པའི་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པ་ཡོངས་སུ་སྤྱི་སྡོམ་བྱས་ཡོད་ལ། ཉིས་སྟོང་བཅུ་དགུ་ལོའི་སྲིད་གྲོས་བྱ་བར་བཀོད་སྒྲིག་བྱེད་སྐབས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པར་དམ་པོར་དམིགས་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་པོར་དམིགས་ཡོད་ལ། དམིགས་འབེན་གསལ་པོ་དང་བསམ་ཕྱོགས་གསལ་པོ། བྱེད་ཐབས་ནུས་ལྡན་ཡིན་ཟེར།
ཚང་མས་བལྟས་ན། འདས་པའི་ལོ་གཅིག་གི་རིང་། མཚོ་སྔོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ལྔ་བཞིའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་ཡོད་པ་དང་། སྒུལ་ནུས་གསར་རྙིང་གི་མྱུར་དུ་བརྗེ་སྤོར་བྱས་ཡོད་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་ཡོད་པ་དང་། མཁྲེགས་གཏོར་འཐབ་འཛིང་ཆེན་མོ་གསུམ་བསྟུད་མར་ཟབ་སྤེལ་བྱས་ཡོད་ཅིང་། རྨང་གཞིའི་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ཡོད་པ་དང་། དམངས་ཚིས་བདེ་རྩ་བརྟན་བརླིང་གིས་མཐོར་འདེགས་སུ་བཏང་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་སོང་ཡོད་ཟེར།
ཚང་མས་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་འཛུགས་པ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་བསྟར་བྱས་ཏེ། མཚོ་སྔོན་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།