སྤེལ་དུས།2019.01.31 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
423
0

2019ལོའི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཆང་དང་པོས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཧུང་ཅིན་ཡར་ཞུ་གྲོས་ཚོགས་ལ་ཞུགས་ནས། སྐོར་ཞིབ་ལེགས་བཅོས་བྱ་བར་དམ་འཛིན་བྱེད་པའི་ཐད་ནས་རེ་བ་བཏོན། གྲོས་ཚོགས་སྔོན་དུ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ལ་ཡིག་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཚོགས་ཐོག་ཏུ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་ཧོང་ཞན་ཡའོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཝང་ཅན་ཅུན་གྱིས་ཕྱིར་ལྡོག་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། 2018ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བར། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་དང་པོས་མཚོ་སྔོན་ཞིང་ཆེན་ནས་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་སྤེལ། སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་ཏུ་གཏོང་བ། སྲུང་སྐྱོབ་གཉིས་རྩ་བའི་ལས་འགན་དུ་བརྩི་བ། ཀྲུང་དབྱང་གི་སྐོར་ཞིབ་བྱེད་ཕྱོགས་ལག་བསྟར་བྱེད་པ། དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཐད་ཡང་བསྐྱར་ལྟ་སྐུལ་བྱེད་པའི་བྱ་བའི་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་འཁྲི་ལ་གཞིགས་ནས། ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བཏང་ལ། དབུལ་ཐར་མཁྲེགས་གཏོར་གྱི་བརྒྱུད་རིམ་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་བཅད་དེ། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས། 

ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཞིབ་ཚན་ཆུང་གི་སྐོར་ཞིབ་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་ལ་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཧོང་ཞན་ཡའོ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོར་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་སློབ་སྦྱོང་བྱས་ནས། ཞིང་ཆེན་གྱི་སྤྱི་འགན་ཁུར་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ལ་དམིགས་ནས་ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་ལ། ཁྱད་ལྡན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས་པས། དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་བྱས་རྗེས་གལ་ཆེན་བཞག སྐོར་ཞིབ་ཁྲོད། སྐོར་ཞིབ་ཚན་ཆུང་གིས་གནད་དོན་སྐོར་ཞིག་རྙེད་པ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་གནད་དོན་མི་ཉུང་བ་ཞིག་ཡར་ཞུ་བྱས་པ་སྟེ། གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་མི་བྱེད་པ་དང་། ཏང་རྩ་འཛུགས་ལ་ལས་ཕྱི་ཚུལ་ཙམ་བསྟན་པ་ལས་སློབ་སྦྱོང་ནན་ཏན་མ་བྱས་པས། ཕན་འབྲས་མི་བཟང་བ་དང་། ཏང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བཟང་བོ་མི་བྱེད་པ། ཐོན་ལས་དབུལ་སྐྱོར་གྱི་འདེགས་སྐྱོར་ནུས་ཤུགས་ཆུང་བ། རིགས་མི་འདྲ་བའི་ལྟ་སྐུལ་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་ནན་མོ་མི་བྱེད་པ་སོགས་ཀྱི་གནད་དོན་ཡོད་ལ། དེ་དང་མཉམ་དུ། སྐོར་ཞིབ་ཚན་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པའི་གནད་དོན་མཚོན་པའི་ཁུངས་སྣེ་སྐོར་ཞིག་འབྱོར་བ་དང་། དེ་དག་འབྲེལ་ཡོད་གཏན་ཁེལ་ལྟར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ཀྱི་ཐག་གཅོད་པར་བརྒྱུད་སྤྲོད་བྱས་ཟེར། 

ཧོང་ཞན་ཡའོ་ཡིས་དག་ཐེར་ལེགས་བཅོས་ཀྱི་གྲོས་གཞི་བདུན་བཏོན་པ་སྟེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུས་ལོན་ཡང་དག་བྱེད་པའི་སྟེང་ཤུགས་འདོན་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་བཟང་བོ་བྱེད་པའི་སྟེང་ཤུགས་འདོན་དགོས། གཉིས་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཞིང་ཆེན་གྱིས་སྤྱི་འགན་ཁུར་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་རང་འགུལ་གྱིས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བར་ཞིབ་འཇུག་ནན་མོ་དང་གཅིག་གྱུར་འཆར་འགོད། རྒྱུས་ལོན་གསལ་བོ་བྱེད་པ་དང་། དེ་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་ཕན་ཚུན་སྐུལ་འདེད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཕན་ཡོད་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། བཞི་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། དབུལ་ཐར་མི་གྲངས་ཡང་བསྐྱར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས། ལྔ་ནས་དབུལ་སྐྱོར་དང་རིག་སྐྱོར། བློ་སྐྱོར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ། སློབ་གསོའི་སྣེ་ཁྲིད་ལ་ཤུགས་སྣོན་པ། སྲོལ་ངན་བསྒྱུར་དོར་བྱེད་པར་སྐུལ་འདེད་གཏོང་བ། བསམ་བློའི་དབུལ་ཐར་དམ་འཛིན་བྱེད་པ། སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཁྱད་སེལ་བྱས་ནས། དབུལ་ཕོངས་མི་གྲངས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་དགོས། དྲུག་ནས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། དབུལ་སྐྱོར་མ་དངུལ་དང་ལས་གཞི་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། བདུན་ནས་སྐོར་ཞིབ་ལེགས་བཅོས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རིགས་མི་འདྲ་བའི་ལྟ་སྐུལ་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས་ཟེར། 

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི། ང་ཚོས་སྐོར་ཞིབ་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་མ་ཟད་སྐོར་ཞིབ་ལེགས་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། རྣམ་འགྱུར་བཟང་བོ་དང་འགུལ་སྐྱོད་བརྟན་པོ། སྒྲིག་ལམ་དམ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས་ཟེར།

 ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་དང་པོའི་ཚན་གཙོ་གཞོན་པ་དང་འབྲེལ་ཡོད་བློ་མཐུན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཅུའུ་ཡི་བློ་མཐུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།