མཐོ་སྒང་གི་ཕྱུགས་ལས་མཉམ་ལས་ཁང་ཞིག་གིས་མི་དམངས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།
2019.04.14 ཁུངས། ཀློག་གྲངས། 26

མགོ་ལོག་ཁུལ་དགའ་བདེ་རྗོང་གི་ཞིང་ཕྱུགས་ལས་ཐོན་ཁུངས་གསར་སྤེལ་དང་ཚན་རིག་གི་ལམ་ནས་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་ཇེ་ལེགས་སུ་གཏོང་བ་བཅས་ལ་དམིགས་ནས། གངས་རིའི་ཞིངའབྲོག་ཀུང་ཟིས་དོན་དངོས་ཀྱི་གནས་ཚུལ་མང་པོར་བརྟག་དཔྱད་གང་ལེགས་དང་ཞིང་ཕྱུགས་ལས་ཐད་ཀྱི་ཆེད་མཁས་མང་པོར་བློ་དྲིས་ཏེ། 2018ལོའི་ཟླ9བའི་ཚེས18ཉིན་དགའ་བདེ་རྫོང་རྐྱང་ཆད་ཞང་དུ་གཞི་རྒྱ་ཆེ་བའི་ཞིང་ཕྱུགས་མཉམ་ལས་ཀྱི་ཀུང་ཟི་ཞིག་བཙུགས།

ཀུང་ཟི་འདིས་དགའ་བདེ་རྫོང་གི་དེང་རབས་ཞིང་ཕྱུགས་ལས་འཁོར་སྐྱོད་ཀྱི་དཔེ་ཁུལ་དེ་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་སྐྱེ་ལྡན་ནོར་ནག་གསོ་སྐྱོང་རྟེན་གཞིར་བསྒྱུར་བ་དང་། ལོ་རེར་ནོར་ནག་ཆིག་ཁྲི་ལྔ་སྟོང་ལྷག་གསོ་སྤེལ་བྱེད་བཞིན་ཡོད་པ་མ་ཟད། ཤའི་ཐོན་ཚད་ཏུན2100ལ་སླེབས་ཡོད། དེ་མིན་གཟན་རྩྭ་མུའུ་ཆིག་ཁྲི་ཉིས་སྟོང་ལྷག་འདེབས་བཞིན་ཡོད་ལ། གཟན་རྩྭའི་ཐོན་ཚད་ཏུན7200ལ་སླེབས་ཡོད།

གངས་རིའི་ཞིང་འབྲོག་ཀུང་ཟི།

ཀུང་ཟི་འདིར་མཚོན་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དབུལ་ཐར་ལ་རོགས་འདེགས། ཁེ་ལས་འཕེལ་རྒྱས་བཅས་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་སྟེ། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས། མིག་སྔའི་བར་དུ་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཁོར་སྐྱོད་ཀྱི་དཔེ་སྟོན་ར་བ་འཛུགས་སྐྲུན་བྱས་ཟིན་ལ། དེང་རབས་ཀྱི་ཞིང་ཕྱུགས་ལས་འཁོར་སྐྱོད་དཔེ་སྟོན་ར་བ་དཀྱིལ་སྙིང་དུ་བཟུང་བ་དང་སྡེ་བ་བཞིའི་སྐྱེ་ཁམས་ཕྱུགས་ལས་དམིགས་སུ་བཟུང་བ་ལ་བརྟེན་ནས། འབྲོག་པ་རྣམས་ཀྱི་ཡོང་འབབ་ལ་འཕར་སྣོན་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་ལེགས་པོ་བྱས། དེ་ལས་གཞན་མིག་སྔའི་བར་དུ་མ་རྐང་བཞག་ནས་ཡོང་འབབ་བགོ་བཤའ་རྒྱག་པ་དང་ས་ནག་བཅོས་སྐྱོང་བྱེད་པ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་བདག་གཉེར་དོ་དམ་བྱེད་པ། སྤུས་ལེགས་ལུད་རྫས་བཀོལ་བ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་པ། ས་གནས་ཀྱི་སྲུང་སྐྱོང་མ་དངུལ་གཏན་འབེབས་བྱེད་པ། ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པ། མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ། ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་བཅས་ཕྱོགས་བཅུ་ནས་ཕན་ནུས་འདོན་བཞིན་ཡོད་ལ། དེ་དང་མཉམ་དུ་རྐྱང་ཆད་ཞང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དེ་ནུས་སྒོ་ཆེན་པོ་གསུམ་དུ་བགར་ནས་སྐུལ་འདེད་གཏོང་བཞིན་ཡོད་དེ། གཅིག་ནས་མཉམ་ལས་ཁང་བཞི་བེད་སྤྱད་ནས་མ་རྒྱུའི་རྟེན་གཞི་འཛུགས་བྱེད་པ་དང་། ཁེ་ལས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་འདང་ངེས་ཀྱི་མ་རྒྱུ་མཁོ་འདོན་བྱེད་པ། གཉིས་ནས་ཁེ་ལས་ཀྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱས་ཏེ། ཟུར་སྣོན་རིན་ཐང་ཇེ་མཐོ་དང་མཐོ་སྒང་གི་སྐྱེ་ལྡན་རིན་ཐང་ཆེས་ཆེ་བའི་ཚད་དུ་སླེབས་པར་བྱེད་པ། གསུམ་ནས་མཉམ་ལས་ཁང་གི་སྤུས་ལེགས་ཐོན་རྫས་དང་ཁེ་ལས་ཀྱི་ལས་སྣོན་བེད་སྤྱད་ནས། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་ལ་ཕན་པའི་གྲུབ་འབྲས་ལེན་པ་བཅས་རེད།

རྩྭ་འབྲེག་བྱེད་ཀྱི་འཕྲུལ་ཆས།

ཕྱུགས་ཁང་།

རྐྱང་ཆད་ཞང་ཤེའུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐང་པོས་བཤད་རྒྱུར། སྔོན་ཆད་ལ་མཚོན་ན། ང་ཚོའི་སྡེ་བ་འདི་དབུལ་བོ་ཡིན་པ་དང་ཁྱིམ་ཚང་སོ་སོས་ཡོང་འབབ་ཀྱང་ཧ་ཅང་ཉུང་། འོན་ཀྱང་ཉེ་བའི་ལོ་འདི་འགའི་རིང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་དོན་འཁྱོལ་བྱས་པ་དང་། དབུལ་ཐར་ཕྱུག་འགྱུར་གྱི་བྱེད་ཐབས་རབས་དང་རིམ་པ་སྤེལ་མཐར། ད་སྐབས་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ནས། མཉམ་ལས་ཁང་ལ་ནོར་ནག་དང་རྩྭ་སའི་མ་རྐང་འཇོག་པ་དང་ལག་རྩལ་སློབ་པ། ཚོང་ལས་གཉེར་བ་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་དེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་ལ། ད་ལོའི་ལོ་མཇུག་ཏུ་སྡེ་བ་ཡོངས་དབུལ་བོ་ལས་ཐར་ཐུབ་པར་ཁོ་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར་ལ། ང་ཚོའི་སྡེ་བ་འདིར་མཚོན་ན་ཁྱིམ་ཚང་ཉིས་བརྒྱ་ལྷག་ཡོད་པ་དང་དེའི་ནང་ཀུང་ཟི་འདིའི་མཉམ་ལས་ཁང་ལ་ཞུགས་མཁན་བརྒྱ་ཆའི་དགུ་བཅུའི་ཡན་ཟིན། དེ་ཡང་ནོར་ནག་ཡོད་པ་དག་གིས་ནོར་ནག་མ་རྐང་དུ་འཇོག་པ་དང་། ནོར་ནག་མེད་པ་ཚོས་རྩྭ་ས་མ་རྐང་དུ་འཇོག་པ། གཉིས་ཀ་མེད་པ་དག་གིས་ཕྱུགས་རྫི་བྱེད་པ་དང་རྩྭ་འདེབས་པ་སོགས་ཀྱི་ལས་བྱས་ཏེ། མ་རྐང་དང་ལས་ཀའི་མང་ཉུང་ལྟར་ལོ་རེའི་ལོ་མཇུག་ལ་ཡོང་འབབ་བགོ་བཤའ་རྒྱག་པ་ཡིན། དེ་བཞིན་སྡེ་བའི་མང་ཚོགས་རྣམས་ཀྱིས་ཡོང་སྒོ་འཚོལ་བའི་ཐབས་ལམ་མང་པོ་བརྒྱུད་ནས་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་དང་འབྱོར་འབྲིང་གི་ལམ་དུ་སྐྱོད་བཞིན་ཡོད་ཟེར།

རྐྱང་ཆད་ཞང་ཤེའུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐང་པོ།

སྡེ་མི་བསམ་ཚེས་བཤད་རྒྱུར། ད་ལྟ་ཁོ་ཚང་ནི་བཟའ་མི་བཞི་ཡོད་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཡིན། ཁོ་རང་སྔོན་ཆད་པད་མ་ནས་འདིར་མག་པ་ཡོང་བ་ཡིན་ལ། དེ་དུས་ཁྱིམ་ཚང་འདིར་ཕྱུགས་ཟོག་དང་རྩྭ་ས་ཅི་ཡང་མེད་པའི་ཁྱིམ་ཚང་དབུལ་བོ་ཞིག་རེད། དུས་ཡུན་རིང་བོ་ཞིག་ལ་ངེད་བཟའ་ཟླ་གཉིས་སྒོ་ཕྱིར་སོང་ནས་ཞོར་ལས་བྱས་ཏེ་ཁ་གསོ་ཐབས་བྱས་པ་ཡིན་ལ། རྗེས་ནས2016ལོར་རང་གི་བྱིས་པར་སྙིང་ནད་བྱུང་སྟེ་ཞིང་ཆེན་གྱི་སྨན་ཁང་ཆེ་གྲས་དག་ལ་བསྟེན་ནས་འགྲོ་སོང་མང་པོ་ཤོར། དེ་ནས་སྲིད་གཞུང་གིས་རོགས་སྐྱོར་དང་ལྟ་སྐྱོང་གང་མང་གནང་བར་བརྟེན། ང་རང་ལ་ཞང་སྲིད་གཞུང་ནས་ཁོར་ཡུག་གཙང་སྦྲའི་ལས་ཀ་སྤྲད་དེ་ཡོང་འབབ་ཡོད་པར་བྱས་པ་དང་། རང་གི་བཟའ་ཟླ་ཕྱུགས་ལས་མཉམ་ལས་ཁང་གི་ཇ་མ་བྱེད་དུ་བཅུག་ནས་ཟ་མ་གཡོས་སྦྱོར་གྱི་ལས་ཀ་བྱས། བར་སྐབས་དེར་མོས་ཇ་མ་བྱེད་ཞོར་གཡོས་སྦྱོར་ཕྱོགས་ཀྱི་ལག་རྩལ་མི་ཉུང་བ་ཞིག་བསླབ་འདུག་པས། ཟ་ཁང་ཞིག་གཉེར་ན་སྙམ་པའི་འདུ་ཤེས་སྐྱེས་ཏེ། 2018ལོའི་ཟླ་བརྒྱད་པར་ཟ་ཁང་འདིའི་སྒོ་ཕྱེས་ནས་ཚོང་གཉེར་བྱས། ཟ་ཁང་འདིའི་ཉིས་ཐོག་ནི་ངེད་ཚང་གི་ཁྱིམ་མི་འདུག་ས་ཡིན། ད་སྐབས་ཟ་ཁང་འདིའི་ཡོང་སྒོ་ཡང་ཧ་ཅང་བཟང་བ་མ་ཟད། ཏང་དང་སྲིད་གཞུང་གི་རོགས་རམ་དང་རང་ཉིད་ཀྱི་འབད་པ་ལ་བརྟེན་ནས། འཚོ་བ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གོང་འཕེལ་ཡོང་བཞིན་ཡོད་པ་དང་། ལོ་རེར་ཧ་ལམ་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཡོད། དུས་ད་ལྟ་ངེད་ཚང་ཧ་ཅང་བདེ་སྐྱིད་ལྡན་ཟེར།

བསམ་ཚེ་བཟའ་ཟླ་གཉིས།

ཁོང་བཟའ་ཟླ་གཉིས་ཀྱིས་གཉེར་བཞིན་པའི་ཟ་ཁང་།



གསར་འགོད་པ།  ཐུབ་བསྟན།