འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བཞིན་ཕྱུགས་ལས་གཉེར་སྟངས་ཀྱི་རྣམ་པ་གསར་བ་བསྐྲུན།
2019.04.16 ཁུངས། ཀློག་གྲངས། 22

ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་འོག་ཏུ། དགའ་བདེ་རྫོང་གངས་ལུང་ཞང་གངས་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་མཉམ་ལས་ཁང་གི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་མཛུབ་སྟོན་འོག རྒྱལ་ཡོངས་སུ་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་ནས། མཉམ་ལས་ཁང་གི་ཕྱུགས་ཟོག་དང་རྩྭ་ར་སོགས་ཐོན་སྐྱེད་ཀྱི་རྒྱུ་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཤིང་། ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ལ་ནུས་ལྡན་གྱིས་འཚོལ་ཞིབ་གང་ལེགས་བྱས། ཕྱུགས་ལས་གཉེར་སྟངས་ཀྱི་ཐད་ནས་མ་རྐང་གི་ལུགས་སུ་བསྒྱུར་བ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་དང་ཐོན་ལས་གཉིས་པ་དང་གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། དེ་མིན་ཏང་རྩ་འཛུགས་ཀྱི་ཏང་ཡོན་དཔེ་སྟོན་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་གནད་ཁེལ་དབུལ་སྐྱོར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་བཅས་དམིགས་སུ་བཟུང་ཡོད། བྱེད་ཐབས་གསར་བ་འདི་དག་ལ་བརྟེན་ནས། མཉམ་ལས་ཁང་འདིའི་སྲོལ་རྒྱུན་ཕྱུགས་ལས་གཉེར་སྟངས་ལ་ཐོད་བརྒལ་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། མཉམ་ལས་དཔལ་འབྱོར་གྱི་འཕེལ་རྒྱས་ལའང་རྣམ་པ་གསར་བ་བྱུང་བས། གཞི་རྩའི་སྟེང་ནས་མི་དང་ཕྱུགས་ཟོག རྩྭ་ར་བཅས་ཀྱི་བར་དུ་གནས་པའི་འགལ་བ་ཐག་གཅོད་བྱས་ཤིང་། ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་དང་འབྲོག་པའི་ཡོང་སྒོ་རྒྱུན་མཐུད་འཕར་སྣོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ཕྱོགས་གསུམ་དོ་མཉམ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་།

གངས་ལུང་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་།

དེ་ཡང་མཉམ་ལས་ཁང་འདིའི་འཕེལ་རྒྱས་བརྒྱུད་རིམ་གྱི་ངོས་ནས་བཤད་ན། དུས་ཡུན་རིང་བོར་ཕྱུགས་ལས་ཀྱི་ཡོང་སྒོ་ནི་སྡེ་བ་འདིའི་སྡེ་མི་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་ཡིན་ལ། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། འོན་ཀྱང་ཕྱུགས་ཟོག་མང་དྲག་པ་དང་རང་བྱུང་གི་གནོད་འཚེ། དེ་མིན་མིས་གཏོར་བརླག་བཏང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྩྭ་ས་བྱེ་འགྱུར་དང་གནོད་འབུས་གནོད་པ་བཟོ་བ། ཨ་བྲས་གནོད་པ་བཟོ་བ་བཅས་ཉིན་རེ་བཞིན་མངོན་གསལ་གྱིས་ཐོན་པས། ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གེགས་རྐྱེན་ཚབས་ཆེན་བཟོས། 2003ལོ་ནས་བཟུང་། འབྲོག་ཁུལ་དུ་ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་ལས་གཞི་དང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པས། འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་བྱེད་ཐབས་སྣ་མང་ལག་བསྟར་བྱས་པ་བརྒྱུད། ས་ཆུ་ཉམས་པ་དང་རྩྭ་ས་བྱེ་ས་རུ་འགྱུར་བར་ཚོད་འཛིན་གང་ལེགས་བྱས་པ་དང་། ས་ཁུལ་མང་ཆེ་བའི་རྩྭ་སའི་ཕྱོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ལེགས་པོ་བྱུང་། འོན་ཀྱང་གངས་ལུང་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་བརྒྱུད་ཡོང་བའི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་སྐབས་དེར་ལག་བསྟར་བྱེད་བཞིན་པའི་ཕྱུགས་ལས་གཉེར་སྟངས་འདིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཐོན་པའི་ཤུགས་རྐྱེན་སྔར་བཞིན་འབུར་ཐོན་ཡིན་ནའང་། འཕེལ་རྒྱས་ཧ་ཅང་མགྱོགས་པའི་ཁྲོམ་རའི་དཔལ་འབྱོར་ལ་མཉམ་བསྲེས་བྱ་ཐབས་མེད་པ། དེ་མིན་མི་དང་རྩྭ་ས། ཕྱུགས་ཟོག་བཅས་ཀྱི་བར་དུ་གནས་པའི་འགལ་བ་སྣ་མང་ཐག་གཅོད་བྱས་མེད་པར་དམིགས་ནས། 2009ལོའི་ཟླ8པར། གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙན་སྲོང་གིས་འབྲོག་པ་མང་ཚོགས་བསྡུས་ནས་ཚོགས་འདུ་འཚོགས་ཏེ་སྒོར་འབུམ་གཅིག་ཁྲི་ལྔ་ཡོད་པའི་དབུལ་སྐྱོར་གྱི་མ་དངུལ་དེ་མ་རྩ་རུ་བཟུང་ནས། གངས་ལུང་སྡེ་བའི་དབུལ་སྐྱོར་རོགས་རེས་ཁང་བཙུགས་པ་དང་། སྐབས་དེར་ཁྱིམ་ཚང22མ་གཏོགས་དེའི་ཁྲོད་ཞུགས་མེད་ནའང་། ཕྱུགས་ལས་འཕེལ་རྒྱས་ལ་འཚོལ་ཞིབ་བྱེད་པའི་གོམ་པ་དང་པོ་དེ་ལྟར་སྤོས་པ་རེད།


ཡོང་འབབ་དབྱེ་ཞིབ་ཀྱི་རེའུ་མིག

20011ལོར། གངས་ལུང་སྡེ་བའི་དབུལ་སྐྱོར་རོགས་རེས་ཁང་གིས་རྩྭ་སའི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་་གཏོང་རྒྱུ་རྨང་གཞི་དང་ཐོན་སྐྱེད་བྱེད་སྟངས་བསྒྱུར་བཀོད་བྱ་རྒྱུ་སྲོག་ཤིང་།  རྩྭ་ཕྱུགས་དོ་མཉམ་གྱི་སྒྲིག་སྲོལ་གཟུགས་རྒྱུ་བྱེད་ཐབས།  འབྲོག་པའི་མཉམ་ལས་དཔལ་འབྱོར་གྱི་རྩ་འཛུགས་སྒྲིག་འཛུགས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མི་དང་རང་བྱུང་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བ་དང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པ། ཕྱུགས་ལས་མི་གྲངས་ཁག་བགོས་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། དེང་རབས་ཕྱུགས་ལས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ཕྱུགས་ལས་འཕེལ་རྒྱས་ལ་ཐོད་བརྒལ་རང་བཞིན་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཕྱོགས་སྲིད་ཇུས་བཏོན་ནས། སྔོན་ལ་བཙུགས་ཟིན་པའི་དབུལ་སྐྱོར་རོགས་རེས་ཁང་གི་རྨང་གཞིའི་སྟེང་ཡང་བསྐྱར་གངས་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེས་པ་བཙུགས་ཤིང་། མཉམ་ལས་ཁང་གི་སྒྲིག་སྲོལ་དང་ལམ་ལུགས་སོགས་ལེགས་བཅོས་དང་གཏན་འབེབས་གང་ལེགས་བྱས་ཏེ། རྩྭ་རའི་ཆེ་ཆུང་ལྟར་ཕྱུགས་ཟོག་གི་ཁ་གྲངས་གཏན་འཁེལ་བྱེད་པ་དང་མ་རྐང་གི་མང་ཉུང་ལྟར་ཡོང་སྒོ་བགོ་བཤའ་རྒྱག་པའི་རྣམ་པར་བསྒྱུར།

ས་སློག་བཞིན་པའི་རྣམ་པ།

མཉམ་ལས་ཁང་གི་ཕྱུགས་ཟོག

གཟན་རྩྭ་འཇོག་ས།

2015ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རྩྭ་རའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་མུ་མཐུད་ནས་སྐུལ་འདེད་བཏང་བ་དང་བསྟུན། གངས་ལུང་སྡེ་བ་ནི་མགོ་ལོག་ཁུལ་ནས་རྒྱལ་ཡོངས་རྩྭ་རའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་གྱི་མཉམ་ལས་ཁང་དུ་བདམས་ཤིང་། མཉམ་ལས་ཁང་གིས་ཐོན་སྐྱེད་རྒྱུ་ཆ་དེ་མ་རྐང་ལམ་ལུགས་སུ་བསྒྱུར་བ་ནང་དོན་གཙོ་བོར་བཟུང་བའི་འཛུགས་སྐྲུན་གྱི་མཐོ་རླབས་གསར་བ་བྱུང་། ཕྱོགས་སོ་སོས་རྒྱབ་སྐྱོར་དང་ཁོ་ཚོས་འབད་པ་ལ་བརྟེན་ནས། མིག་སྔར་མཉམ་ལས་ཁང་དུ་ཁྱིམ་ཚང178ཡོད་པ་ཚང་མ་ཞུགས་ཡོད་པ་དང་ཞུགས་ཚད་ཀྱི་མི་གྲངས769ལ་སླེབས་ཡོད་པས། སྡེ་མི་ཚང་མ་མཉམ་ལས་ཁང་དུ་ཞུགས་པའི་དམིགས་འབེན་མངོན་འགྱུར་བྱུང་།

གསར་འགོད་པ་དག་གིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙན་སྲོང་གིས་བཤད་རྒྱུར། ལོ་ངོ་མང་པོའི་རིང་ལ་ང་ཚོའི་སྡེ་བ་འདིས་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་རང་ཁ་ཙམ་གསོས་ནས་ཡོང་བ་ཡིན་ལ། ཕྱུགས་ཟོག་འཚོ་སྐྱོང་ལས་གཉེར་ཆོག་པའི་ཚོང་ལས་ཀྱི་བྱེད་ཐབས་སྣ་མང་ཞིག་སེམས་སུའང་དྲན་ཐུབ་ཀྱི་མེད། འོན་ཀྱང་ལོ་མང་པོ་ཞིག་སྔོན་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྣེ་ཁྲིད་དང་ཐུགས་ཁུར་གྱི་འོག་ཏུ། སྡེ་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་སྟེ། རྩྭ་སར་མི་གནོད་པ་དང་ཡོང་འབབ་ལེགས་པའི་ལམ་དུ་བསྐྱོད་དགོས་པར་སྙམ་པས། གངས་ལུང་མཉམ་ལས་ཁང་འདི་བཙུགས་པ་ཡིན། ཐོག་མའི་དུས་སུ་མཉམ་ལས་ཁང་ལ་ཞུགས་པའི་མི་གྲངས་ལྟོས་བཅས་ཀྱིས་ཅུང་ཉུང་བ་དང་། དོ་དམ་བྱེད་ཐབས་སོགས་ཀྱི་ཐད་ནས་ཀྱང་མི་འདང་ས་མང་པོ་ཡོད་ཟེར། འོན་ཀྱང་རྗེས་ནས་མི་འདང་སར་ཁ་གསབ་དང་བསྒྱུར་བཀོད་མང་པོ་བྱས་རྗེས་རིམ་གྱིས་གནས་བབ་ཇེ་ལེགས་སུ་ཕྱིན་སོང་། གནས་འདིར་རང་བྱུང་གི་གནོད་འཚེ་འབྱུང་སླ་བས། ཁངས་ཆག་དང་སྤྱང་ཀིས་གནོད་པ་འབྱུང་རྒྱུ་ནི་ཅུང་ཙམ་རྒྱུན་ལྡན་ཅན་དུ་གྱུར་ཡོད། ཡིན་ཡང་ང་ཚོས་འབད་པ་ལྷོད་མེད་ཀྱིས་རང་རང་སོ་སོའི་ལས་གནས་ལ་བརྩོན་བཞིན་ཡོད་པས། གནོད་འཚེ་ཇི་འདྲ་བྱུང་ཡང་ང་ཚོས་ཟློག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། མང་ཚོགས་ཀྱི་ཡོང་སྒོའང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོ་ཚང་མ་འབྱུར་འགྱུར་ལ་རེ་བས་ཁེངས་ཡོད་ཟེར།

སྡེ་མི་དྲི་པོས་བཤད་རྒྱུར། སྔོན་ཆད་ལ་མཚོན་ན་ངེད་བཟའ་ཟླ་གཉིས་ཀྱི་འཚོ་བ་སོགས་ཕྱོགས་གང་ཐད་ནས་དཀའ་ཁག་མི་ཉུང་བ་ཡོད། རང་གི་ནུས་པ་ཡིན་ཡང་ཆོག གཞན་གྱི་རོགས་རམ་ཡིན་ཡང་ཆོག ཕྱོགས་གང་ཐད་ནས་དཀའ་ཁག་ཡོད། རྗེས་ནས་ངེད་ཚང་གངས་ལུང་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་ལ། ཕྱུགས་ཟོག་ཉི་ཤུ་ལྷག་ཡོདཔའང་མ་རྐང་དུ་བཞག དེ་མིན་ང་རང་གིས་མཉམ་ལས་ཁང་དུ་ཕྱུགས་རྫིའི་ལས་ཀ་བྱེད་བཞིན་ཡོད་ཅིང་། བཟའ་ཟླས་འོ་མ་བཞོ་བའི་ལས་ཀ་བྱེད་ཀྱི་ཡོད། དེ་ལྟར་མ་རྐང་གི་ཡོང་སྒོ་དང་ངེད་ཀྱིས་ལས་ཀ་བྱས་པའི་ཡོང་སྒོ་ཐམས་ཅད་བསྒོམས་ན་ལོ་རེར་ཡོང་སྒོ་ཧ་ལམ་སྒོར་ཁྲི་གསུམ་ལྷག་ཡོད་པས་འཚོ་བ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གང་ལེགས་བྱུང་ཡོད་ཟེར།



གསར་འགོད་པ།  ཐུབ་བསྟན།