གསོ་རིག་བྱང་ཆུབ་ཤིང་གི་ཡལ་ག་ལ། བདེ་དྲོད་ཡིད་འོང་ལོ་མའི་འདབ་མ་བཞད།
2019.04.19 ཁུངས། ཀློག་གྲངས། 103

མགོ་ལོག་ཁུལ་ནི་རང་ཞིང་ནས་ཐུམ་འབུའི་ནད་བྱུང་ཚད་ལྟོས་བཅས་ཀྱིས་མང་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། དེ་མིན་ཁུལ་འཕྲོད་བསྟེན་འཆར་འགོད་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱབ་སྐྱོར་འོག་མགོ་ལོག་ཁུལ་ཐུམ་འབུའི་ནད་བཅོས་ལྟེ་གནས་ཞེས་པ2017ལོའི་ཟླ4བའི་ནང་བཙུགས་ཤིང་། སྨན་བཅོས་ལྟེ་གནས་སུ་ཕྱི་ནད་ཚན་ཁག་དང་བཟི་སྨན་ཚན་ཁག ནུས་སྒོའི་ཚན་ཁག་སོགས་རིག་ཚན་མི་འདྲ་བ་མང་པོའི་དཔུང་སྡེ་བཙུགས་ཡོད། དེ་མིན་མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པེ་ཅིང་ཁྲང་ཀིན་སྨན་ཁང་གཉིས་ལ་ཐུམ་འབུའི་ནད་ཀྱི་སྨན་བཅོས་མཉམ་ལས་འབྲེལ་བ་བཙུགས་ཡོད་པ་དང་ཆབས་ཅིག་ཏུ་སྨན་བཅོས་ལས་བཟོ73བསྐོ་འཐེན་བྱས་ནས་ཤུགས་ཆེན་པོས་ཐུམ་འབུའི་ནད་ཀྱི་ཐད་ལ་ནུས་ཤུགས་འདོན་བཞིན་ཡོད།

ཐུམ་འབུའི་ནད་བཅོས་ལྟེ་གནས་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་རང་སྟེང་གི་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་བ་དེ་འགན་ཁུར་ཆེན་པོ་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ནད་པ་རྣམས་ལ་ཞབས་འདེགས་གང་ལེགས་དང་ནུས་ཤུགས་ཡོད་རྒུས་བྱེད་ཐབས་སྣ་མང་སྤྱད་ནས་ས་གནས་ཀྱི་སྨན་བཅོས་འགན་སྲུང་ཐད་ལ་ནུས་པ་གང་ལེགས་ཐོན་ཀྱི་ཡོད། ད་ལྟའི་གྲུབ་འབྲས་འདི་དག་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་མཛུབ་སྟོན་ལ་ཁ་འབྲལ་ཐབས་མེད་དེ། མགོ་ལོག་ཁུལ་ནི་ཐུམ་འབུའི་ནད་བྱུང་ཚད་མང་བའི་ས་གནས་ཤིག་ཡིན་པས། འཛམ་གླིང་སྟེང་གི་ཆེས་ཐོག་མའི་ཐུམ་འབུའི་ནད་ཀྱི་རྒྱང་གཏོང་ནད་བརྟག་འཕྲུལ་ཆས་དེ་མགོ་ལོག་ཁུལ་ཐུམ་འབུའི་ནད་བཅོས་ལྟེ་གནས་སུ་བཙུགས་ཡོད་ཅིང་། དེས་ས་གནས་ཀྱི་ནད་པ་མང་ཚོགས་ལ་ཚན་རིག་དང་མཐུན་ཞིང་ཡང་དག་པ། ཕན་ནུས་ཆེ་བའི་སྒོ་ནས་ནད་བཅོས་བྱེད་ཐུབ་པ་མ་ཟད། ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་རྣམས་ལ་རིན་མེད་ངང་སྨན་བཅོས་བྱེད་ཀྱི་ཡོད་པར་ཁར། བཟའ་བཏུང་སོགས་ཀྱང་རིན་མེད་ངང་བཀོད་སྒྲིག་བྱེད་ཀྱི་ཡོད།

ཐུམ་འབུའི་ནད་ཀྱི་རྒྱང་གཏོང་ནད་བརྟག་འཕྲུལ་ཆས།

ཐུམ་འབུའི་ནད་ཀྱི་དངོས་གཟུགས།

རྒྱང་གཏོང་ནད་བརྟག་འཕྲུལ་ཆས་བཀོལ་བཞིན་པ།

ཐུམ་འབུའི་ནད་ལ་མཚོན་ན། སྔ་དུས་ཀྱི་ཐུམ་འབུའི་ནད་པར་མངོན་གསལ་གྱི་ནད་རྟགས་དང་ཁྱད་ཆོས་གང་ཡང་མེད། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཐུམ་འབུ་རིམ་བཞིན་ཇེ་ཆེར་སོང་སྟེ། མཐའ་འཁོར་གྱི་དབང་བོ་དག་བཙིར་ནས་ནད་རྟགས་འབྱུང་བ་ཡིན། མཆིན་པའི་ཐུམ་འབུ་ཡིད་རྟག་པར་མཆིན་ཁམས་ལ་ཟུག་གཟེར་སློང་བ་དང་ཡི་ག་མེད་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ། གློ་བའི་ཐུམ་འབུས་གློ་སྦུར་བཙིར་ནས་སྐམ་ལུ་བྱེད་པ་དང་དབུགས་འཚང་བར་བྱེད། གཞན་ད་དུང་ཀླད་པ་མཁལ་མ། སྙིང་སོགས་ཀྱི་ཐུམ་འབུའི་ནད་ཀྱི་མཇུག་འབྲས་སྔར་བས་ཚབས་ཆེན་ཡིན།

གཤགས་བཅོས་བྱེད་བཞིན་པའི་དཔེ་རིས།

ནད་པའི་ཡིག་ཚགས།

འོན་ཀྱང་ཉེ་བའི་ལོ་འདི་གའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱིས་སྨན་བཅོས་འགན་ལེན་གྱི་ཐད་ལ་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོ་གནང་བ་དང་། ས་གནས་ཀྱི་སྨན་བཅོས་ལས་རིགས་ཐད་ལའང་ནུས་ཤུགས་ཟམ་མ་ཆད་པར་བཏོན་པ་ལ་བརྟེན། མི་དམངས་མང་ཚོགས་ཀྱིས་སྟབས་བདེ་དང་དུས་ཐུང་ངུའི་ནང་ནད་བརྟག་དང་ནད་གསོ་བྱས་ཆོག་པ་མ་ཟད། ཕན་ནུས་ཀྱང་མངོན་གསལ་གྱིས་ཇེ་ལེགས་སུ་ཡོང་བཞིན་ཡོད་པ་དང་། ལྷག་པར་དུ་ཐུམ་འབུའི་ནད་ལ་ཁ་གཏད་དེ་བརྟག་དཔྱད་འཕྲུལ་ཆས་དང་ཆེད་མཁས་པ། ལས་བཟོ་བ་སོགས་ཀྱི་ཐད་ཤུགས་བསྣན་ནས་ལོ་རེ་བཞིན་ནད་པ་མང་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བཞིན་ཡོད། དེ་ཡང་ས་གནས་ཀྱི་སྨན་བཅོས་ལས་རིགས་འཕེལ་རྒྱས་དང་གོང་འཕེལ་དུ་ཕྱིན་པ་འདིས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་ཕྱིན་པ་དང་མི་དམངས་ཀྱིས་རང་ནུས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བར་ལུས་པོ་དང་སེམས་ཁམས་གཉིས་ཀྱི་ཐད་ནས་ཆ་རྐྱེན་གང་ལེགས་བསྐྲུན་ཡོད་པས། མགོ་ལོག་ས་ཁུལ་གྱི་སྨན་བཅོས་ལས་རིགས་འདི་ཉིད་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དང་རྒྱ་ཆེའི་ནད་པ་རྣམས་ནད་ལས་གྲོལ་བའི་མྱུར་ཚད་ཀྱང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་མཆིས།

མགོ་ལོག་ཁུལ་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་བརྟན།

མགོ་ལོག་ཁུལ་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་བརྟན་གྱིས་བཤད་རྒྱུར། མགོ་ལོག་ཁུལ་ཐུམ་འབུའི་ནད་བཅོས་ལྟེ་གནས་བཙུགས་ནས་ད་ལྟའི་བར་དུ་ནད་པ170ལྷག་གཤགས་བཅོས་བྱས་ཟིན་པ་དང་། དེ་ལས་ལེགས་འགྲུབ་མ་བྱུང་བའི་ནད་པ་གཅིག་ཀྱང་མེད། སྤྱིར་བཏང་དུ་མགོ་ལོག་ཁུལ་ལ་མཚོན་ན། ཐུམ་འབུའི་ནད་ཀྱི་ནད་པ་མང་བ་དང་ཚབས་ཆེ་བའི་ས་ཁུལ་ཞིག་རེད། དེ་མིན་མང་ཚོགས་ཐམས་ཅད་ཀྱིས་ཀྱང་ནད་འདི་ཚབས་ཆེན་ཡིན་པ་དང་སྔོན་འགོག་བྱེད་པའི་ཐད་ཀྱི་ཤེས་བྱ་མི་ཤེས་པས། མགོ་ལོག་ཁུལ་གྱི་འཕྲོད་བསྟེན་མི་སྣ་ཡིན་ཡང་ཆོག སྨན་ཁང་གི་སྨན་པ་ཐམས་ཅད་ཀྱིས་ལོ་གཅིག་དང་གཉིས་ཀྱི་ནང་ལ་དྲིལ་སྒྲོག་བྱས་པའི་འབྲས་བུར་མི་དམངས་མང་ཚོགས་ཀྱིས་ཐུམ་འབུའི་ནད་བྱུང་ཚེ་རང་དགར་བསྐྱུར་མི་རུང་བར་མགྱོགས་མྱུར་གྱིས་ནད་བཅོས་བྱ་དགོས་པའི་འདུ་ཤེས་སྐྱེས་ཟིན། ཐུམ་འབུའི་ནད་ཀྱི་གཤགས་བཅོས་འདིར་མཚོན་ན། ཏང་དང་རྒྱལ་ཁབ་ཀྱི་དྲིན་ལ་སྨན་རིན་སྐར་གང་ཡང་སྤྲོད་མི་དགོས་པ་དང་། དེ་མིན་ཟ་མ་དང་འདུག་གནས་ལ་སྒོར2000གཉིས་ཀྱི་རོགས་སྐྱོར་གནང་བཞིན་ཡོད་ལ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཐུམ་འབུའི་ནད་འདི་གཙིགས་སུ་བཟུང་སྟེ། ང་ཚོའི་ཚན་ཁག་ལ་རྒྱབ་སྐྱོར་གང་ལེགས་གནང་བཞིན་ཡོད། ད་སྐབས་མགོ་ལོག་ས་ཁུལ་ལ་མཚོན་ན་ཐུམ་འབུའི་ནད་ཧ་ཅང་ཚབས་ཆེན་མིན་ཚེ། ང་ཚོའི་ཁུལ་སྨན་ཁང་ནས་ཀྱང་གཤགས་བཅོས་ལེགས་འགྲུབ་བྱ་ཐུབ། དེ་མིན2018ལོའི་ཟླ9པའི་ནང་མཚོ་སྔོན་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་མཉམ་འབྲེལ་གྱིས་འཛམ་གླིང་གི་ཐེངས་དང་པོའི་ཐུམ་འབུའི་ནད་ཀྱི་རྒྱང་གཏོང་ནད་བརྟག་འཕྲུལ་ཆས་དེ་མགོ་ལོག་ཁུལ་སྨན་ཁང་དུ་བཙུགས་ནས་རྒྱ་ཆེའི་ནད་པ་རྣམས་ལ་ནད་བཅོས་བྱེད་བཞིན་ཡོད་པས་ཕན་ནུས་ཧ་ཅང་ཆེ་ཟེར་ལ། རྗེས་ཕྱོགས་ལ་མཚོན་ནའང་མགོ་ལོག་ཁུལ་ཐུམ་འབུའི་ནད་བཅོས་ལྟེ་གནས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྣེ་ཁྲིད་འོག མགོ་ལོག་ཁུལ་གྱི་ཐུམ་འབུའི་ནད་ཀྱི་བྱ་བའི་སྟེང་ཤུགས་སྣོན་དང་ནད་པ་ཐམས་ཅད་ལ་ཕན་རེ་གདགས་ཐུབ་ན་ང་ཚོ་ལ་དེ་ལས་ལྷག་པའི་སྤྲོ་སྣང་མེད། དེ་ཡང་ལོ་འདི་གའི་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་པའི་སྟབས་ཀྱིས་མགོ་ལོག་ཁུལ་ཐུམ་འབུའི་ནད་བཅོས་ལྟེ་གནད་ཀྱི་སྨན་པའི་དཔུང་སྡེ་ཇེ་ཆེ་དང་སྨན་པའི་བྱང་ཚད་ཇེ་མཐོར་འགྲོ་བ། ནད་བརྟག་འཕྲུལ་ཆས་སོགས་འཐུས་ཚང་འགྲོ་བཞིན་ཡོད་པས། ས་གནས་ཀྱི་ནད་པ་མང་ཚོགས་ནད་ལས་གྲོལ་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།



གསར་འགོད་པ། ཐུབ་བསྟན།