ཁོར་ཡུག་སྲུང་སྐྱོབ་ཀྱིས་བསྐྲུན་པའི་དག་གཙང་གི་ཡུལ་གྲུ
2019.04.20 ཁུངས། ཀློག་གྲངས། 32

མགོ་ལོག་ཁུལ་གྱིས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། དགའ་བདེ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་དང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་གད་སྙིགས་མེད་པར་བཟོ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པར་བཟོ་བའི་ལས་དོན་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུར་བརྩིས་ནས་མཛེས་སྡུག་ལྡན་པའི་དགའ་བདེ་གསར་བ་འཛུགས་བསྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས། ཕྱོགས་བསྡུས་ཇུས་འདོན་བཅས་ཀྱིས་གཙོ་གནད་ས་ཁོངས་དང་གཙོ་གནད་ཁུལ་དམིགས་སུ་བཟུང་སྟེ། ཕྱོགས་ཡོངས་ནས་སྐུལ་སློང་དང་ས་ཁོངས་ཡོངས་སྐུལ་སློང་། རྒྱུན་མཐུད་ཤུགས་སྣོན། “ཉིན་བརྒྱའི་འགག་སྒྲོལ”དང་རྒྱུན་རྣམ་བཅོས་སྒྲིག་བཅས་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་སྣང་བརྙན་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལས་དོན་ལ་མགོ་ལེགས་པོ་བཙུགས། 

དེ་ཡང་གཅིག་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པར་བཟོ་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་ས་ཁོངས་ཧྲིལ་པོའི་གད་སྙིགས་མེད་པར་བཟོ་བ་དེ་ཆེད་དོན་བཅོས་སྒྲིག་ལས་དོན་དུ་བརྩིས་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་ལས་དོན་སྤེལ་བ་དང་། ཁྱད་ཆོས་ལྡན་ཞིང་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་བཅོས་སྒྲིག་ལའང་ལྟ་སྐུལ་གང་ལེགས་བྱས་པ་རེད། དེ་ལས་གཞན《མགོ་ལོག་ཁུལ་གྱི་ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པ་བཟོ་བའི་བྱ་འགུལ་ཇུས་གཞིའི》ལས་འགན་གྱི་བླང་བྱ་གཞིར་བཟུང་སྟེ་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཚོ་དང་། སྡེ་ཁུལ། དགོན་སྡེ། ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་འགྲོ་ལམ་རྒྱུད་ཀྱི་གད་སྙིགས་བཅོས་སྒྲིག་བྱེད་པ། རྩྭ་ཐང་གི་སྦགས་བཙོག་བཅོས་སྒྲིག་བྱེད་པ་བཅས་གཙོ་གནད་དུ་བཟུང་བ་མ་ཟད། 《དགའ་བདེ་རྫོང་གི་ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པ་བཟོ་བའི་བྱ་འགུལ་འཆར་གཞིའི་རེའུ་མིག》ལེགས་འགྲུབ་བྱས་ཤིང་། 《དགའ་བདེ་རྫོང་གི་ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པ་བཟོ་བའི་བྱ་འགུལ་གྱི་གད་སྙིགས་གཙང་སེལ་བཟོ་བའི་ལག་བསྟར་ཐབས་ཇུས་རི་མོ》འབྲི་བཟོ་བྱས།

 གཉིས་ནས“གཙང་སེལ་གསུམ་དང་བཅོས་སྒྲིག་ལྔ། ཟང་ཟིང་དྲུག”གཙོ་གནད་དུ་བཟུང་བའི་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་མུ་མཐུད་སྤེལ་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་དང་། གྲོང་གསེབ། འབྲོག་པ་འདུ་འཛོམས་བྱེད་ས། དགོན་པའི་ཉེ་འཁོར། ཡུལ་གཞན་དུ་གནས་སྤོ་བྱེད་ས། གཞུང་ལམ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གད་སྙིགས་གཙང་སེལ་དང་སྔོ་ཁེབས་སླར་གསོའི་ལས་དོན་དུས་ཐོག་ཏུ་སྤེལ་ནས“ས་ཁོངས་ཡོངས་ལ་གད་སྙིགས་མེད་པའི”རྨང་གཞི་ཡག་པོ་བཏིངས་ཤིང་། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་སྡེ་དང་།  གནས་སྤོ་ཡུལ་མིའི་སྡོད་གནས། དགོན་སྡེ་ཁག་གི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་བཅས་ཀྱི་ལས་འགན་ལེགས་པོར་བསྒྲུབས། གཞན་ཡང་གཙང་གསུམ་འབྱུང་ཡུལ་གྱི་གཙང་སེལ་ལས་གཞི་དང་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་སྦྲེལ་ལེགས་བཅོས། ཁྱིམ་གཞིས་འཛུགས་སྐྲུན། སྡོད་གནས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལག་བསྟར་ཤུགས་ཆེན་བྱས་པས། སྡོམ་རྩིས་བྱས་པ་ལྟར་ན་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས10ལྷག་བྱས་ནས་གད་སྙིགས་ཏུན་800ལྷག་ཙམ་གཙང་སེལ་བྱས་པ་རེད། 

གསུམ་ནས“རྡུལ་འཕྱར་ཐེངས་གཉིས་པ་”དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། ཀླད་ཁེབས་མེད་པའི་རླངས་འཁོར་གྱི་རིགས་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱས་པས་གྲོང་ཁུལ་གྱི་མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་ཕྱིན།

བཞི་ནས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བྱས་པ་དང་། ཆུ་ལམ་གྱི་“ཟང་ཟིང་བཞི་སེལ་བའི”ཐབས་ཇུས་ལེགས་པོར་སྤེལ་བས། རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་མ་ལག་འཐུས་ཚང་དུ་བཏང་ཞིང་། རྨ་ཆུ་དང་དགུ་ཆུ། དང་ཆུ་བཅས་བཅོས་སྒྲིག་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་དུ་ཁྲིམས་འགལ་ངང་བྱེ་མ་འདོན་པ་གཏན་འགོག་བྱས་ལ།  བྱེ་རྡོའི་རྒྱུ་ཆའི་བཟོ་གྲྭར་ཐལ་རྡུལ་སྔོན་འགོག་བྱེད་པའི་བྱ་ཐབས་ལག་བསྟར་ནན་མོ་བྱས། དེ་མིན་ཆུ་བོ་རྒྱུག་ཁུལ་དུ་ཡོད་པའི་གཙོ་གནད་ཞིང་གྲོང་དང་ཆུ་ལག་གལ་ཆེན་དག་ལ་བཅོས་སྒྲིག་གི་ཆེད་དོན་བྱ་འགུལ་སྤེལ་ནས་ཆུ་ལམ་གྱི་གད་སྙིགས་ཏུན190གཙང་བཤེར་བྱས་ཤིང་། མི་ཐེངས2930ལྷག་བཏང་ལ་འཕྲུལ་སྒུལ་འཁོར་ལོ70ལྷག་བཏང་བས། ཆུ་ལམ་གྱི་ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན།

ལྔ་ནས་གད་སྙིགས་ས་ཚིགས་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུ་རྩ་བར་བཟུང་ནས་སྦགས་བཙོག་འབྱུང་ཡུལ་བཅོས་སྒྲིག་བྱ་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱས་ལ། ཁོར་ཡུག་བཅོས་སྒྲིག་བསྐྱར་ལོག་བྱེད་སླ་བའི་གནད་དོན་ཐག་གཅོད་བྱ་ཆེད། “ཞང་རིམ་པའི་གད་སྙིགས་ཕོད་ས་དང་གྲོང་ཚོ་རིམ་པའི་གད་སྙིགས་བསྡུ་རུབ་ས་ཚིགས་གཉིས་ཟུང་དུ་འབྲེལ་བའི”བཅོས་སྒྲིག་བྱེད་སྟངས་འཚོལ་ཞིབ་ལེགས་པོ་བྱས་པ་དང་། གད་སྙིགས་གང་བྱུང་དུ་གཡུག་པ་དང་གང་བྱུང་དུ་སྤུངས་པའི་གནད་དོན་དེ་ནུས་ལྡན་གྱིས་ཐག་གཅོད་ལེགས་པོ་བྱས།  དེ་མིན་ཞང་རེར་གད་སྙིགས་བསྡུ་རུབ་ས་ཚིགས་1ནས2བར་བཙུགས་ཏེ་དུས་ཚོད་ལྟར་བསྡུ་རུབ་དང་གཙང་བཤེར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། ད་ཡོད་ཀྱི་གད་སྙིགས་བསྡུ་རུབ་ས་ཚིགས་སུ་གད་སྙིགས་ཕོད་ས་གསལ་པོར་བཀོད་དེ་མང་ཚོགས་ཀྱིས་གནས་གཏན་འཁེལ་ངང་ཕོད་པ་དང་ཚད་ལྡན་ཅན་དུ་བཅོས་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ“ཁྱིམ་ཚང་གིས་གསོག་པ་དང་གྲོང་ཚོས་བསྡུ་བ། ཞང་དང་གྲོང་རྡལ་གྱིས་དབོར་བ། རྫོང་གིས་ཐག་གཅོད་པ”བཅས་འབྲེལ་མཐུད་ཡིན་པའི་གད་སྙིགས་གཙང་སེལ་གྱི་དྲ་བ་ཞིག་བསྐྲུན་ཡོད་པ་རེད།

དེ་ལས་གཞན་མང་ཚོགས་ཀྱི་ཁྲོད་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རྩ་འཛུགས་བྱས་ཏེ། དུས་ངེས་མེད་དུ་གད་སྙིགས་ཀྱིས་སྦགས་བཙོག་བཟོས་ཡོད་པའི་གཞུང་ལམ་དང་ཆུ་བོའི་འགྲམ་རྒྱུད། དགོན་སྡེ། ཡུལ་སྐོར་ལྗོངས་ཁུལ་སོགས་བསྐྱོད་ནས། སྒྲིག་ལམ་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་ལ། ལས་དོན་ཅི་ཞིག་སྒྲུབ་ཀྱང་རང་ཉིད་ནས་མགོ་རྩོམ་པའི་སེམས་འདུན་ཡིད་ལ་དམ་པོར་བཅངས་ཏེ། མི་གཞན་ལ་དཔེ་སྟོན་གྱི་ནུས་པ་བཏོན་དང་འདོན་བཞིན་ཡོད་པས། དེ་འབྲེལ་གྱི་མི་དམངས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་འདུ་ཤེས་སྐྱེས་ཏེ། ལོ་རེ་ནས་ལོ་རེར་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཁྲོད་ཞུགས་པ་དང་དེའི་ཕན་ནུས་དང་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱེད་མཁན་གྱི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་ལོ་དུ་མའི་རིང་སྲིད་གཞུང་དང་ས་གནས་མང་ཚོགས་ཀྱི་འབད་པ་དང་སྟོབས་ཤུགས་ལ་བརྟེན་ནས། ད་སྐབས་ལ་མཚོན་ན་གནས་འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།


གསར་འགོད་པ།   ཐུབ་བསྟན།