ལུད་རྫས་ལ་བརྟེན་པའི་དབུལ་སྐྱོར་གྱི་ཐབས་ཚུལ་ལེགས་པོ་ཞིག
2019.04.28 ཁུངས། ཀློག་གྲངས། 19

ལོ་ངོ་བདུན་ཅུར་སྟོབས་འབྱོར་རྒྱས། དུས་རབས་གསར་བར་འབད་པས་བསྐྱོད།

གཅིག་སྒྲིལ་རྫོང་སོག་རུ་མ་ཞང་སྐྱེ་ལྡན་ལུད་རྫས་བཟོ་གྲྭ་ནི2017ལོར་བཙུགས་ཤིང་། ཐོ་འགོད་བྱེད་སྐབས་དམངས་སྒོར་ས་ཡ་ལྔ་ལྷག་གི་མ་དངུལ་བཏང་། བཟོ་གྲྭ་འདིས་སྐྱེ་ལྡན་ལུད་རྫས་བསྡུ་རུབ་དང་ལས་སྣོན། ཕྱིར་འཚོང་བཅས་བྱས་ཏེ། ས་གནས་ཀྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ནུས་ཤུགས་ཆེན་པོ་ཐོན་གྱི་ཡོད་ལ། ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་ཡང་ན་ཁྱིམ་ཚང་གཞན་མང་པོས་བཟོ་གྲྭ་འདིར་ཕྱུགས་ཀྱི་ལྕི་བ་སོགས་སྐྱེལ་འདྲེན་བྱས་ཏེ། ཁ་གྲངས་ཀྱི་མང་ཉུང་ལྟར་གླ་དངུལ་སྤྲོད་བཞིན་ཡོད་པ་དང་། ལས་ཞུགས་ཀྱི་གནད་དོན་ཐག་བཅད་མེད་པའི་ཁྱིམ་ཚང་དག་གིས་ད་དུང་བཟོ་གྲྭར་ལས་བཟོ་བྱས་ཏེ། མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཀྱི་ལུགས་ལྟར་ཡོང་སྒོ་འཚོལ་བཞིན་ཡོད། དེ་ཡང་གཅིག་ནས་ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་དང་དབུལ་ཐར་གྱི་ཐད་ལས་ནུས་ཤུགས་ཆེན་པོ་ཐོན་ཐུབ་པ་དང་། གཉིས་ནས་བཟོ་གྲྭའི་ཉིན་རྒྱུན་གྱི་བྱ་བ་རྣམས་བདེ་བླག་ངང་འཁོར་སྐྱོད་པར་འགན་ལེན་དང་ཁག་ཐེག་བྱེད་ཐུབ་པས། བཟོ་གྲྭ་འདིར་མཚོན་ན། ས་ཁུལ་འདི་ནས་འཕྲུལ་ཆས་དང་ཐོན་སྐྱེད། ཕྱིར་འཚོང་སོགས་ཀྱི་ཐད་ནས་འཐུས་སྒོ་ཚང་བའི་བཟོ་གྲྭ་ཞིག་ཡིན་ལ། མི་དམངས་མང་ཚོགས་ལ་སྣེ་ཁྲིད་དེ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་པ་དང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་གཙོ་ཁྲིད་ཀྱི་ནུས་པ་ཐོན་བཞིན་པའི་བཟོ་གྲྭ་ཞིག་ཀྱང་ཡིན།

མིག་སྔའི་བར་དུ། ཤུགས་ཆེན་པོས་དབུལ་སྐྱོར་ལས་ཁུངས་ལ་འབྲེལ་བ་དམ་ཟབ་བྱས་ནས། དབུལ་སྐྱོར་གྱི་ལས་གཞི་བརྩོན་ལེན་བྱེད་བཞིན་ཡོད་ལ། ལས་བྱེད་མི་སྣ208དབུལ་སྐྱོར་གྱི་བྱ་བའི་ཁྲོད་ཞུགས་ཡོད། དེ་མིན་ཞང་ཡོངས་ཀྱི་སྡེ་བ་སོ་སོར་གཞུང་ལམ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་མ་ཟད། སྒོར་ས་ཡ་གཅིག་བཏང་ནས་གསེར་ལུང་གི་གཟན་རྩའི་འདེབས་འཛུགས་རྟེན་གཞིའི་ལས་གཞི་ཐོབ་པར་ཡང་བརྩོན་ལེན་བྱེད་བཞིན་ཡོད། རྫོང་དབུལ་སྐྱོར་ཅུའུ་ཡི་བླང་བྱ་ལྟར་དབུལ་ཕོངས་ཁྱིམ་ཚང་རྩ་འཛུགས་ཀྱིས་སྐྱེ་ལྡན་ལུད་རྫས་ལས་སྣོན་གྱི་འཕྲུལ་ཆས་བཀོལ་ཐབས་སྦྱོང་བཞིན་ཡོས་པ་མ་ཟད། ཁོ་ཚོའི་ལག་རྩལ་དང་རྩལ་ནུས་ཇེ་མཐོར་བཏང་ནས། དབུལ་ཐར་བྱེད་པར་ལག་རྩལ་ཐད་ཀྱི་ཆ་རྐྱེན་ངེས་ཅན་སྐྲུན་བཞིན་ཡོད། ད་སྐབས་ལ་མཚོན་ན། དབུལ་ཕོངས་ཁྱིམ་ཚང་ལས་སྐོར་ཞིག་རླངས་འཁོར་ཁ་ལོ་བའི་གསོ་སྦྱོང་ལ་ཞུགས་ཡོད་པ་དང་། སྐོར་ཞིག་ལུད་རྫས་ལས་སྣོན་གྱི་གསོ་སྦྱོང་ལ་ཞུགས་ཡོད་པས། གཞི་རྩའི་སྟེང་ནས་དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་པར་འགན་ལེན་གང་ལེགས་བྱས་ཟིན།

སོག་མ་རུ་ཞང་གི་ཞང་ཀྲང་ཚེ་བྷོ་སྐྱབས།

སོག་རུ་མ་ཞང་གི་ཞང་ཀྲང་ཚེ་བྷོ་སྐྱབས་ཀྱིས་བཤད་རྒྱུར། བཟོ་གྲྭ་འདི་ནི་2017ལོར་རྫོང་ནོར་སྲིད་ཀྱི་མ་དངུལ་དང་ཧྲང་ཧེའི་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་བཙུགས་པ་ཡིན། 2018ལོའི་ཟླ4བར་དངོས་སུ་ཐོན་སྐྱེད་བྱེད་མགོ་བརྩམས་ལ། ལུད་རྫས་ཏུན4000ལྷག་ཕྱིར་འཚོང་བྱས། ཏུན་གཅིག་གི་རིན་གོང་ནི་སྒོར1380ཡིན། 2019ལོར་མཚོན་ན་སྲིད་གཞུང་ངམ་ཡང་ན་ས་གནས་གཞན་ནས་མངག་ཉོ་བྱེད་མཁན་ཡང་ཐོན་སྐྱེད་ནུས་ཤུགས་ཞན་པའི་སྟབས་ཀྱིས་དགོས་མཁོ་བསྐང་ཐབས་མེད། དེའི་རྗེས་ནས་སྡེ་བ་བཞིའི་ཁྱིམ་ཚང་252ལྷག་སྟེ། མི་གྲངས1001བཟོ་གྲྭའི་ནང་ཞུགས་པ་ཡིན་ལ། དེ་དག་ཚང་མའང་དབུལ་ཕོངས་ཁྱིམ་ཚང་ཁོ་ན་ཡིན། ཁོ་ཚོས་ཉིན་རྒྱུན་བྱ་བ་ཆད་ལྷག་མེད་པར་རྒྱུན་ལྡན་ངང་བསྒྲུབ་ན་ལོ་རེར་ཆ་སྙོམས་ཀྱིས་སྒོར4300ལེན་ཐུབ་པ་ཡིན་ཟེར་ལ། ཁོ་ཚོར་མཚོན་ན། ཐོག་མའི་དུས་སུ་དེ་འདྲའི་ཧུར་ཐག་མི་བྱེད་པར་སྒྱིད་ལུག་གི་སྣང་ཚུལ་མཆིས་ཀྱང་། ན་ནིང་ལོ་མཇུག་ཏུ་ཡོང་སྒོ་བགོ་བཤའ་བརྒྱབ་རྗེས་མང་ཚོགས་རྣམས་ཀྱི་བརྩོན་སེམས་ཇེ་ཆེར་སོང་ནས། ཁྱིམ་ཚང་ཁ་ཤས་ཀྱིས་ཁུག་མ་སྟོང་ལྷག་སྤྲད་ཟིན་པའང་ཡོད་པས། ད་ལོར་ཡོང་སྒོ་བགོ་བཤའ་རྒྱག་སྐབས་ཡོང་སྒོ་ཧ་ལམ་ན་ནིང་གི་ལྡབ་གཅིག་འཕར་ཐུབ་ངེས་ཡིན། དེ་མིན་ཁོ་ཚོས་ནམ་རྒྱུན་ལྕི་བ་བཟོ་གྲྭར་སྤྲོད་པའི་དུས་སྐབས་ནི་དཔྱིད་ཀ་དང་སྟོན་ཁ་ཡིན། ང་ཚོར་མཚོན་ན། ལུད་རྫས་ཕྱིར་འཚོང་བྱེད་ཡུལ་གཙོ་བོ་ནི་མགོ་ལོག་ཁུལ་གྱི་ས་གནས་དག་ཡིན་ལ། སྲིད་གཞུང་གིས་མང་པོ་ཉོས་ཏེ་ས་ནག་བཅོས་སྐྱོང་གི་ཐད་ལ་བཀོལ་བཞིན་ཡོད་པ་དང་། གཞན་པདྨ་རྫོང་གི་ནགས་ཁུལ་དུ་བཀོལ་བ་ལའང་ཅུང་མང་པོ་ཉོ་སྒྲུབ་བྱེད་བཞིན་ཡོད། སྲིད་གཞུང་གི་རྒྱབ་སྐྱོར་དང་རང་སོ་སོའི་འབད་པ་ལ་བརྟེན་ནས2018ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོལ་རྡལ་གྱི་གྲས་སུ་བདམས་སོང་། མ་འོངས་པར་ང་ཚོས་རྫོང་ཐོག་ནས་མ་དངུལ་སྒོར་བྱེ་བ་གཅིག་བཏང་ནས་གཞི་ཁྱོན་ཆེ་བའི་བཟོ་གྲྭ་ཞིག་འཛུགས་གྲབས་ཡོད་ལ། མ་དངུལ་གྱི་ཡོང་ཁུངས་ནི་རྫོང་ནོར་སྲིད་ཀྱི་མ་དངུལ་དང་ཧྲང་ཧེའི་རོགས་སྐྱོར་མ་དངུལ་གཉིས་ཡིན། གཞན་ཡང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ལ་ཟབ་ཞུགས་བྱས་ནས། ཐོན་སྐྱེད་བྱས་པའི་ལུད་རྫས་དག་མགོ་ལོག་ས་ཁུལ་གཅིག་པུ་མིན་པར་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་ཀྱི་ཡོད་པ་མ་ཟད། གློག་རྡུལ་ཚོང་ར་བརྒྱུད་དེ་དྲ་སྟེང་ནས་ཕྱིར་འཚོང་བྱེད་པའི་གྲོས་གཞི་ཡང་འདོན་གྱི་ཡོད་པས། ས་གནས་འདིའི་དབུལ་ཕོངས་ཁྱིམ་ཚང་ལས་གཞན་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ལའང་སྐུལ་འདེད་དང་སྣེ་ཁྲིད་བྱས་ཏེ། བཟོ་གྲྭའི་བྱ་བའི་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་ན་ཡོང་སྒོ་དང་ལག་རྩལ། ཉམས་མྱོང་སོགས་ཕྱོགས་གང་ནས་ཕན་ཐོགས་ངེས་ཅན་ལྡན་པར་ང་ལ་ཡིད་ཆེས་ཡོད་ཟེར།

ལྕི་བ་སྐྱེལ་འདྲེན་བྱེད་བཞིན་པ། 

སྐྱེལ་གྲངས་རྩིས་རྒྱག་བཞིན་པ།

ལས་སྣོན་ཁང་།

ལས་སྣོན་འཕྲུལ་ཆས།

ལས་སྣོན་བྱས་ཟིན་པའི་ལུད་རྫས།

སོག་རུ་མ་སྐྱེ་ལྡན་ལུད་རྫས།




གསར་འགོད་པ།    ཐུབ་བསྟན།