ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་འཚོགས།
2019.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 510

ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་བྱ་བའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་འཚོགས། 

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་གཏིང་ཟབ་སྒོས་དངོས་འབེབས་མཐར་ཕྱིན་བྱེད་ཆེད། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་ཉེ་ལམ་མཚོ་སྔོན་དུ་བཅའ་སྡོད་བྱས་ཏེ་ནག་འཇོམས་ངན་སེལ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་བྱ་བའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་འཚོགས། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་དང་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་ཡིས་སོ་སོར་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྐུལ་སློང་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་སྐུལ་སློང་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་གིས་བསྟན་དོན། ནག་འཇོམས་ངན་སེལ་ལ་ཆེད་དོན་འཐབ་རྩོད་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་འཇོམས་ངན་སེལ་བྱ་བའི་ཆེད་དོན་འཐབ་རྩོད་ལ་མཐོང་ཆེན་བླ་མེན་གནང་གིན་ཡོད་པར་བརྟེན། སྐུ་དངོས་ཀྱིས་ཐབས་ཇུས་བཟོས་ཤིང་སྐུ་དངོས་ཀྱིས་བཀོད་སྒྲིག་གནང་བར་མ་ཟད། སྐུ་དངོས་ཀྱིས་ཤུགས་བརྒྱབས་ནས། དེ་བསྟུན་གྱི་མཛུབ་སྟོན་གལ་ཆེན་རབས་དང་རིམ་པར་གནང་ནས། ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་ལ་རྩ་བའི་བླང་བྱ་འདོན་སྤྲོད་བྱས་པར་མ་ཟད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་མ་འོངས་སྔོན་དཔག་གི་བསམ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པར་བརྟེན། དེས་ཆེད་དོན་འཐབ་རྩོད་སྤེལ་དགོས་པའི་དོན་སྙིང་གལ་ཆེན་དང་སྤྱི་ཁོག་བསམ་ཕྱོགས། དམིགས་འབེན་འགན་འཁྲི། བྱ་བའི་གཙོ་གནད། བྱེད་ཐབས་གོ་རིམ་བཅས་མ་ནོར་ལྷག་ལུས་མེད་པའི་ངང་བསྟན་ཡོད་པས། དེར་བསམ་བློའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། ཁ་གཏད་ཀྱི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་མངོན་གསལ་དྲག་པོ་ལྡན་པར་མ་ཟད། དེ་ནི་ང་ཚོའི་ཆེད་དོན་འཐབ་རྩོད་བཟང་བོར་སྤེལ་བ་ལ་ཉེ་བར་མཁོ་བའི་བསམ་བློའི་དྲག་ཆས་སྟོབས་དང་ལྡན་པ་དེ་ཡིན་ཟེར།

ཝུའུ་ཞིན་ཞུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་ཐེངས་འདིར་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུའི་གནད་ས་ནི། ཆབ་སྲིད་ཀྱི་ལངས་གནས་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གནད་དོན་གྱི་གཏིང་སྔོག་ནས་རྩད་གཅོད་མཐར་ཕྱིན་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་འགོ་ཁྲིད་རྩ་འཛུགས་སོགས་དཀྱིལ་སྙིང་དུ་བཟུང་ནས། གནད་དོན་ཁ་ཕྱོགས་དང་གནད་དོན་རྙེད་པར་བྱེད་པ། གནད་དོན་གཅིག་བསྡུས་བྱེད་པ། གནད་དོན་ལ་ཞིབ་འཇུག་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ལྟ་སྐུལ་ཞོར་དུ་བཅོས་སྒྱུར་བྱས་ཏེ། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་དགོས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་རང་རྒྱུད་ལ་གྲུབ་པར་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འབད་འབུངས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ལ་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དེར་དོན་སྙིང་ཆེན་པོ་ལྡན། ནག་འཇོམས་ངན་སེལ་བྱ་བའི་འཇོམས་པ་དང་སེལ་བ་ནི་ནག་ཕྱོགས་དང་ངན་ཕྱོགས་ཀྱི་སྟོབས་ཤུགས་ཡིན་ལ། བསྐྲུན་དགོས་པ་ནི་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་པོ་དང་དར་སྲོལ་གཙང་མ་ཡིན། གཙང་བཅོས་བྱེད་དགོས་པ་ནི་ཆབ་སྲིད་ཀྱི་སྐྱེ་ཁམས་ཡིན། རྒྱལ་ཁ་ལེན་ཡུལ་ནི་ཏང་སེམས་དང་དམངས་སེམས་ལས་རྒྱལ་བར་བྱེད་རྒྱུ་དེ་ཡིན། རྨང་རྐང་ཇེ་བརྟན་དུ་གཏོང་ཡུལ་ནི་སྲིད་འཛིན་གྱི་གཞི་རྐང་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་མཚོ་སྔོན་གྱི་བྱ་བར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱེད་ཀྱིན་པ་དེས། ཏང་ཀྲུང་དབྱང་གིས་ཆེད་དམིགས་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་པས། ང་ཚོའི་ལས་དོན་ལ་ཁྱོན་ཡོངས་ནས་ཉམས་ཞིབ་ཐེངས་གཅིག་བྱས་ཏེ་ནོར་བ་ཡོ་བསྲང་བྱེད་ཐེངས་ཤིག་ཀྱང་ཡིན་ཟེར། ཁོས་མུ་མཐུད་དུ་བླང་བྱ་བཏོན་ནས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་རྒྱུ་དང་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། རང་རྟོགས་སྒོས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་རྒྱུ་ནི་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་དངོས་ཡོད་ཚད་ལེན་ལྟ་བུར་བརྩི་དགོས་ཤིང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་དངོས་འབེབས་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་ལ་བརྩི་དགོས་པར་མ་ཟད། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གྱི་ཞན་ཆ་གསབ་པ་དང་ཧེ་བག་སེལ་བའི་གོ་སྐབས་ལེགས་པོ་ཞིག་ལའང་བརྩི་དགོས། ཤུགས་ཆེན་པོས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བར་གཞོགས་འདེགས་རྒྱབ་སྐྱོར་གང་ལེགས་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་འབད་འབུངས་ལྷོད་མེད་བྱས་མཐར། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་བཅས་ཀྱི་འདོད་བློ་དང་མཐུན་པའི་ཨ་ལན་གསལ་བོ་ཞིག་སྟེར་ཐུབ་དགོས་ཟེར།

ཚོགས་ཐོག་ནས་ཏུའུ་ཝན་ཧྭ་ཡིས་ལྟ་སྐུལ་མཛུབ་སྟོན་ལ་གཞོགས་འདེགས་བཟང་བོ་བྱེད་པ་དང་། ལྟ་སྐུལ་དང་བཅོས་སྒྱུར་རེས་མོས་བྱེད་པ། ཆ་འཕྲིན་སྤྱི་བསྒྲགས་བྱེད་པ། ཆ་རྐྱེན་འགན་ལེན་ཁག་ཐེག་སོགས་ཀྱི་བྱ་བར་བླང་བྱ་བཏོན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ཐེངས་བཅོ་བརྒྱད་པའི་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་བ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོས་གྲུབ་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། དེའི་མངའ་ཁོངས་ཀྱི་ཁུལ་དང་རྫོང་། ཆུའུ་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས། མཚོ་ཤར་གྲོང་ཁྱེར་དང་། ཁུལ་དང་རྫོང་། གྲོང་ཁྱེར། ཆུའུ་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེག་ཁག་གི་འགན་ཁུར་མི་སྣ་གཙོ་བོ་བཅས་ཀྱིས་རང་རང་གི་ས་གནས་ནས་བརྙན་རིས་བརྒྱུད་དེ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པར་གཏུག་ཞུ་བྱེད་པའི་ཁ་པར་ཨང་གྲངས་དང་ཡིག་སྒམ་ཁྱབ་བསྒྲགས་བྱས།

ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དུས་ཡུན་ནི2019ལོའི་ལུགས་གསར་གྱི་ཟླ6པའི་ཚེས1ཉིན་ནས་ཟླ6པའི་ཚེས་30ཉིན་བར་ཡིན་པ་དང་།དུས་ཡུན་དེའི་རིང་ལ་ཆེད་སྤྱོད་ཀྱི་ལས་རེས་ཁ་པར་བཙུགས་ཡོད་ལ།ཨང་གྲངས་ནི0971-6168063དང་0971-6138682 0971-6139107བཅས་ཡིན་ཞིང་།ཆེད་སྤྱོད་སྦྲག་སྲིད་ཡིག་སྒམ་ནི་ཟི་ལིང་གྲོང་ཁྱེརA144ཡིན།ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཉིན་རེའི་སྔ་དྲོའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་དུ་གཏུག་ཞུ་ཁ་པར་དང་ལེན་བྱེད་རྒྱུ་རེད། དེ་ལས་གཞན།རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་རིག་ནུས་ཅན་གྱི་གཏུག་ཞུ་སྟེགས་བུ་དངོས་སུ་ཤར་གཏོང་བྱས་ཡོད་ལ།ཚང་མས་དྲ་ཚིགསwww.12337.gov.cnའདི་ལ་ཞུགས་ནས་གཏུག་ཞུ་བྱ་ཆོག་པ་དང་། ཡང་ན་རྕ་གཉིས་ཨང་བཤེར་ནས་གཏུག་བྱའི་དོན་དག་མཁོ་འདོན་བྱ་ཆོག

ལོ་ཙཱ་བ། བན་དེ་སྐྱབས།