ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་གྲོས་ཚོགས་ལ་ཚུར་སྣང་དྲག་པོ་ཐོབ།
2019.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 110

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་ཐད་ནས་གྲོས་སྡུར་ནན་མོ་བྱས། ཚང་མས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། དོན་སྙིང་གལ་ཆེན་ལྡན་པ་དང་། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་ཡོང་བ་དང་སྒྲིག་ལམ་ཡོད་པ། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པའི་ཆེད་ཡིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་ཐད་ནས་གནད་དོན་ལ་དོ་སྣང་བྱེད་པ་དང་། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་པ། ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ངན་སེལ་ནག་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཐད་ནས་རྒྱལ་ཁ་ལེན་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་རྒྱུན་མ་ཆད་ཇེ་དྲག་ཏུ་གཏོང་ངེས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་སྐོར་ཞིབ་པ་གཞོན་པ། ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཡན་ཅུན་གྱིས་བཤད་རྒྱུར། ནག་ངན་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་འབྲས་སྐྲན་ལྟ་བུ་ཡིན་ལ། མི་དམངས་མང་ཚོགས་ཀྱིས་སེམས་ཀྱི་གཏིང་ནས་འཁོན་འཛིན་བྱེད་ཀྱིན་ཡོད་པས། ངེས་པར་དུ་ཁྲིམས་ལྟར་མཐའ་གཅིག་ཏུ་རྡུང་རྡེག་ནན་མོ་བྱེད་དགོས། ང་ཚོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་མཐོང་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པར་རྩ་འཛུགས་ནན་མོ་བྱེད་པ་དང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ། ལས་བྱེད་པས་ལས་རྐང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པར་སྐུལ་སློང་བྱེད་པ། ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་འཛིང་རགས་ལྟ་བུའི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་མཚོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དུས་ཐོག་ཏུ་ནག་ངན་སྟོབས་ཤུགས་ཐད་ཀྱི་ཁུངས་སྣེ་ཞུ་གཏུག་བྱེད་པ། ནག་ངན་སྟོབས་ཤུགས་དང་མཐའ་གཅིག་ཏུ་འཐབ་རྩོད་བྱས་ནས། མཚོ་སྔོན་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མེའོ་ཧོན་གྱིས་བཤད་རྒྱུར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་མི་དམངས་ཀྱི་འཐབ་འཁྲུག་ཞིག་ཡིན་པས། ངེས་པར་དུ་མི་དམངས་མང་ཚོགས་ཡོངས་དེའི་ཁྲོད་ཞུགས་པར་རྒྱབ་རྟེན་དགོས། ནག་འཇོམས་ངན་སེལ་ནི་རྩ་བ་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་ཡིན་པ་དང་། སྤེལ་ཐེངས་གཅིག་ལས་འགྲུབ་པར་བྱེད་རྒྱུའི་རེ་བ་བཅངས་མི་རུང་བས། ང་ཚོས་ཡུན་རིང་བོར་འཐབ་རྩོད་བྱས་ནས། ནག་འཇོམས་ངན་སེལ་ཀུན་གྱིས་ཤེས་པར་བྱེད་པ་དང་། མི་ཡོངས་ཀྱི་སེམས་སུ་འཛིན་པར་བྱེད་པ། ནག་ངན་སྟོབས་ཤུགས་ལ་ཀུན་གྱིས་རྡུང་རྡེག་བྱེད་པ་དང་བྲོས་ས་ཐར་ས་མེད་པར་བྱེད་དགོས། ང་ཚོ་ཚན་རྩལ་ལས་རིགས་ཀྱི་ཏང་ཡོན་ལས་བྱེད་པ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བའི་ཁྲོད་ཞུགས་པ་དང་། ཐེངས་འདིའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས། མང་ཚོགས་ལ་སྔར་ལས་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་པའི་ཐད་ཚན་རྩལ་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གའོ་ཅིན་གྱིས་བཤད་རྒྱུར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པ་མཚོ་སྔོན་དུ་ཡོང་ནས་བྱ་བ་སྤེལ་བ་ནི། ང་ཚོའི་བྱ་བར་ཁྱོན་ཡོངས་ནས་བརྟག་བཤེར་ཐེངས་གཅིག་བྱེད་པ་དེ་ཡིན་པས། ང་ཚོས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྟོགས་སྒོས་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་པ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཐད་ཀྱི་ཞན་ཆ་དང་བར་ཐག་ཁ་གསབ་བྱེད་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་རེ་བ་ལྟར། ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧོང་ཀྲུང་རྫོང་ལི་ཅཱ་ཧྲན་གྲོང་བརྡལ་ཧྲོ་མ་དབྱིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་གོ་ཁྲིན་གྱིས་བཤད་རྒྱུར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་མི་ཡོངས་ཀྱིས་རྒྱུས་ལོན་ཟབ་མོ་བྱས་ཡོད་ལ། དེས་ཞིང་སྡེ་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་གཏན་འཇགས། གཞི་རིམ་སྲིད་དབང་གི་གཏན་འཇགས་ཐད་ནུས་པ་གལ་ཆེན་འདོན་ཐུབ། སྡེ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་ཡོན་གྱི་གདོང་ལེན་དཔེ་མཚོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ཀྱིས་ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བཟོ་ཁུངས་སྣེ་ཞུ་གཏུག་བྱེད་པར་སྐུལ་སློང་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་བདེ་སྐྱོང་གི་ཁོར་ཡུག་དང་སྣང་ཚུལ་བསྐྲུན་དགོས་ཟེར།

ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གསུམ་པའི་དགེ་རྒན་ཚའེ་ཡ་ཝུན་གྱིས་བཤད་རྒྱུར། ཐེངས་འདིའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་ང་ཚོས་དགེ་སློབ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པའི་གོ་སྐབས་བཟང་བོ་ཞིག་ཡིན། སློབ་མར་མཚོན་ན་ཡང་ཁྲིམས་ལུགས་སློབ་སྦྱོང་བྱེད་པ་དང་། ཁྲིམས་ལུགས་བརྩི་སྲུང་བྱེད་པ་དང་ཉེན་བརྡའི་ནུས་པ་ཐོན་ཐུབ་ལ། སྤྱི་ཚོགས་སྟེང་བསྐྱོད་ལ་ཉེ་བའི་སློབ་མ་ཚོར་ནག་ངན་སྟོབས་ཤུགས་ཀྱི་གནོད་པར་རྒྱུས་ལོན་ཟབ་མོ་བྱེད་དུ་འཇུག་པ་དང་། རང་ཉིད་ཀྱི་ཁེ་དབང་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། སློབ་ཁྲིད་བྱ་བའི་ཁྲོད། ང་ཚོས་ཐེངས་འདིའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་ཟུང་འབྲེལ་བྱས་ནས། ཁ་གཏད་ཡོད་པའི་སྒོ་ནས་སློབ་མར་ཁྲིམས་སྐྱོང་སློབ་གསོ་བཏང་སྟེ། སློབ་མའི་ཁྲིམས་སྐྱོང་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།